
འབྲུག་གི་སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་ཐེངས་དང་པ་དེ་ གནམ་ལོ་ཤིང་འབྲུག་ཟླཝ་ ༥ པའི་ཚེས་ ༣ སྤྱི་ཟླ་ ༦ པའི་ཚེས་ ༩ ལས་ འགོ་བཙུགས་ཏེ་ འཚོགས་གནང་ནི་སྦེ་ གཏན་འཁེལ་སོང་ནུག།
དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ ཡིག་ཚང་ལས་ སྤྱི་ཟླ་ ༤ པའི་ཚེས་ ༡༠ ལུ་ གསལ་བསྒྲགས་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ རྩ་ཁྲིམས་ཅན་གྱི་ འདུས་ཚོགས་དང་ གཙུག་སྡེ་ ལྷན་ཁག་ ལྷན་ཚོགས་དང་ ལས་སྡེ་ ས་གནས་གཞུང་ཚུ་གི་ ཁ་ཐུག་ལས་ གོང་འཕེལ་དང་འབྲེལ་བའི་ གནད་དོན་མིན་པར་ རང་སོའི་དབང་ཁྱབ་ནང་ གྲོས་ཐག་བཅད་མ་ཚུགས་པར་ སྤྱི་ཚོགས་ནང་ ཕུལ་དགོ་པའི་ གནད་དོན་གལ་ཅན་རེ་ཡོད་པ་ཅིན་ སྤྱི་ཟླ་ ༥ པའི་ཚེས་ ༡༥ གི་ ནང་འཁོད་ལུ་ རྒྱལ་ཡོངས་ཚོགས་འདུའི་ ཡིག་ཚང་ནང་ ལྷོད་དགོ་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་འདུའི་ནང་ གྲོས་གཞི་ཕུལ་ཐངས་ཀྱི་ བྱ་རིམ་ཚུ་ཡང་ རྩ་ཁྲིམས་ཅན་གྱི་ འདུས་ཚོགས་ཁག་ལས་ སྙན་ཞུ་དང་ དཔྱད་ཡིག་ གྲོས་གཞི་ཚུ་ག་ར་ རྫོང་ཨིང་ཟུང་འབྲེལ་སྦེ་ ཐད་ཀར་དུ་ ཕུལ་དགོ་ཟེར་བཀོད་ནུག།
དེ་ལས་ ལྷན་ཁག་དང་ ལྷན་ཚོགས་ ལས་སྡེ་ཚུ་གིས་ སྙན་ཞུ་དང་ དཔྱད་ཡིག་ མཐུན་གྲོས་ གྲོས་གཞི་ལ་སོགས་པ་ཚུ་ སྔར་ག་ཨིནམ་སྦེ་ ལྷན་རྒྱས་གཞུང་ཚོགས་བརྒྱུད་དེ་ ཕུལ་དགོཔ་ད་ དེ་བཟུམ་སྦེ་ ས་གནས་གཞུང་ངམ་ རྫོང་ཁག་ཚུ་གིས་ཡང་ རྫོང་ཁག་ཚོགས་འདུ་བརྒྱུད་དེ་ ཕུལ་དགོ་ཟེར་ཨིན་པས།
སྤྱི་ཚོགས་ནང་ སྙན་ཞུ་ལ་སོགས་པའི་ ཞུ་བ་ཚུ་ག་ར་ རྫོང་ཨིང་ཟུང་འབྲེལ་ཐོག་ལུ་ ཕུལ་དགོཔ་བཞིན་དུ་ ག་དེམ་ཅིག་སྦེ་ ཨིང་སྐད་རྐྱངམ་ཅིག་གི་ཐོག་ལས་ ཕུལ་མི་ཚུ་ ཚོགས་འདུའི་ཡིག་ཚང་ཧོངས་ལས་ ངོས་ལེན་མི་མཛད་ནི་ཨིན་པའི་གནས་ཚུལ།






Users Today : 660
Users Yesterday : 1422
This Month : 15831
This Year : 179515
Total Users : 537492
Views Today : 1065
Total views : 1693945
Who's Online : 14