སྐྱབས་མགོན་ས་སྐྱ་ཁྲི་ཆེན་གོང་མ་རིན་པོ་ཆེ་མཆོག་གིས་ འབྲུག་ལུ་ ཆོས་དོན་གཟིགས་སྐོར།

སྤྱི་ཟླ་ ༤ པའི་ཚེས་ ༩ ལུ་ ཉིན་གྲངས་ ༡༠ གྱི་དོན་ལས་ སྐྱབས་མགོན་ས་སྐྱ་ཁྲི་ཆེན་གོང་མ་རིན་པོ་ཆེ་ ངག་དབང་ཀུན་དགའ་དབང་རྒྱལ་ས་སྐྱ་མཆོག་ འབྲུག་རྒྱལ་ཁབ་ནང་ ཆོས་དོན་གཟིགས་སྐོར་ལུ་ ཕེབས་གནང་ཡི།
དེ་ཡང་ སྤྱི་ཟླ་ ༤ པའི་ཚེས་ ༡༠ ལུ་ སྤ་རོའི་གནས་བྱིན་ཅན་ སྐྱིད་ཆུ་ལྷ་ཁང་དང་ དིལ་མགོ་མཁྱེད་བརྩེ་རིན་པོ་ཆེའི་གདུང་རྟེན་ བཟླུམ་བརྩེགས་ལྷ་ཁང་ཚུ་ནང་ གཟིགས་སྐོར་གནང་ནུག།
དེ་ལས་ ཐིམ་ཕུ་ལུ་ བྱོན་ཡོདཔ་བཞིན་དུ་ སྤྱི་ཟླ་ ༤ པའི་ཚེས་ ༡༡ ལུ་ རྒྱལ་ཡོངས་རྗེས་དྲན་མཆོད་རྟེན་དང་ གཟི་ལུང་ཁ་ ཨ་ཎེ་མོའི་གྲྭ་ཚང་ཚུ༌ནང༌ གཟིགས་སྐོར་གནང་ཡོདཔ་ཨིན་པས།
དེ༌བཟུམ༌སྦེ༌ སྤྱི་ཟླ་ ༤ པའི་ཚེས་ ༡༢ ལུ་ ཀྲོང་གསར་ལུ་དང་ སྤྱི་ཟླ་ ༤ པའི་ཚེས་ ༡༣ ལུ་ བུམ་ཐང་ལུ་ ཆིབས་བསྐྱོད་གནང་ཡོདཔ་བཞིན་དུ་ ལྷོ་བྲག་མཁར་ཆུ་གྲྭ་ཚང་ནང་ འཇམ་དཔལ་མཚན་བརྗོད་ཀྱི་ ལྗགས་ལུང་དང་ རྡོ་རྗེ་ཕུར་པའི་ བཀའ་བསྒོ་ཚུ་ གནང་ཡོདཔ་མ་ཚད་ བྱམས་པ་ལྷ་ཁང་དང་ སྐུ་རྗེས་ལྷ་ཁང་ ཟངས་མདོག་དཔལ་རི་ཚུ་ནང་ གཟིགས་སྐོར་གནང་ཐོག་ལས་ གུ་རུའི་ལྷ་ཁང་ནང་ ཚོགས་འཁོར་ཡང་ བསྐོར་གནང་ནུག།
སྤྱི་ཟླ་ ༤ པའི་ཚེས་ ༡༤ ལུ་ གཏམ་ཞིང་གྲྭ་ཚང་དང་ དཀོན་མཆོག་གསུམ་ལྷ་ཁང་ནང་ གཟིགས་སྐོར་གནངམ་དང་འབྲེལ་ཏེ་ དཀོན་མཆོག་ ༣ ལྷ་ཁང་ནང་སྦེ་ མི་དམངས་ལུ་ གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་ ཚེ་དབང་གནང་ནི་ཨིན་པས།
སྤྱི་ཟླ་ ༤ པའི་ཚེས་ ༡༥ ལུ་ བུམ་ཐང་ལས་ སྤུ་ན་ཁ་ལུ་ ཆིབས་བསྐྱོད་གནང་ནི་དང་ སྤྱི་ཟླ་ ༤ པའི་ཚེས་ ༡༦ ལུ་ སྤུ་ན་རྫོང་ནང་ གཞུང་གྲྭ་ཚང་གི་ འཕགས་པའི་དགེ་འདུནམ་ཚུ་གིས་ ཞབས་དྲུང་སྐུ་མཆོད་ཀྱི་ གསུང་ཆོག་གནང་སར་ གཟིགས་ཞིབ་གནང་ནི་ཨིནམ་མ་ཚད་ སྤུ་ན་རྫོང་ནང་ ཚོགས་འཁོར་ཡང་ བསྐོར་གནང་པའི་ཤུལ་ལས་ སྤ་རོ་ལུ་ ཆིབས་བསྐྱོད་གནང་ནི་ཨིན་པས།
སྤྱི་ཟླ་ ༤ པའི་ཚེས་ ༡༧ ལུ་ སྤ་རོ་སྟག་ཚང་ལུ་ ཆིབས་བསྐྱོད་གནང་སྟེ་ གུ་རུ་གསུང་བྱོན་མའི་ ལྷ་ཁང་ནང་སྦེ་ ཚོགས་འཁོར་བསྐོར་གནང་ནི་ཨིནམ་ད་ ད་རེས་ སྐྱབས་མགོན་ས་སྐྱ་གོང་མ་མཆོག་གི་ ཕྱག་ཞུ་སྟེ་ བདག་མོ་ཆེན་མོ་ བཀྲ་ཤིས་ལྷ་སྐྱིད་ས་སྐྱ་གིས་གཙོས་པའི་ དཔོན་གཡོག་བསྡོམས་ ༡༢ བྱོན་ཡོད་མི་ཚུ་ སྤྱི་ཟླ་ ༤ པའི་ཚེས་ ༡༨ ལུ་ སྤ་རོ་གནམ་ཐང་ལས་ རྒྱ་གར་དིལླི་ལུ་ ཆིབས་བསྐྱོད་གནང་ནི་ཨིན་པའི་གནས་ཚུལ།

Please follow and like us: