
སི་ཨེན་ཨེན།
རྒྱ་གར་གྱི་ བྱང་ཕྱོགས་གངས་རི་ ཧི་མ་ལ་ཡའི་ མཐའ་འཁོབ་ཀྱི་ ས་གནས་ནང་ འཚོ་བ་ལ་ནོར་ལུ་བརྟེན་སྡོད་མི་ མི་སེར་ཚུ་ལུ་ ད་རེས་ནངས་པར་ གནམ་གཤིས་གནས་སྟངས་ཀྱི་ འགྱུར་བ་དང་ ས་མཚམས་ཁར་ རྒྱ་གར་དང་ རྒྱ་ནག་ ༢ མ་འགྲིགས་པའི་ གནད་ལུ་བརྟེན་ཏེ་ དཀའ་ངལ་དང་ ཉེན་ཁ་ཚུ་ བྱུང་དོ་ཡོདཔ་ཨིན་པས།
དེ་ཡང་ འཛམ་གླིང་ནང་ ལུང་ཕྱོགས་ས་ཁ་མཐོ་ཤོས་ཨིན་མི་ ལ་དྭགས་ཀྱི་ འབྱོགཔ་ཚུ་གིས་ སྔར་ཁྱུན་ལམ་སྲོལ་ལུ་གནས་ཏེ་ གངས་རི་གིས་ མཐའ་བསྐོར་ཏེ་ ནང་པའི་ཆོས་ལུགས་ཀྱི་ ལྷ་ཁང་དགོན་སྡེ་ཚུ་ཡོད་པའི་ རྩ་ཐང་ཚུ་ནང་ ལ་ནོར་ཚུ་ འཚོ་སྐྱོང་འཐབ་སྟེ་ སྡོདཔ་ཨིན་པས།
རྩོད་རྙོག་ཅན་གྱི་ ལུང་ཕྱོགས་དེ་ནང་ མི་སེར་ཚུ་གིས་ གཡག་ལུག་ར་ ༣ ལུ་ འཚོ་བ་བརྟེན་ཏེ་ སྡོད་དོ་ཡོདཔ་ད་ སྤྱི་ལོ་ ༢༠༢༠ ལུ་ རྒྱ་གར་དང་ རྒྱ་ནག་གི་ དམག་མི་ཚུ་གི་བར་ན་ ཟིང་འཁྲུག་ལང་ཞིནམ་ལས་ཚུར་ རྒྱ་གར་གྱི་ དམག་མི་ཚུ་གིས་ ལ་དྭགས་ཀྱི་ སྒོ་ནོར་སེམས་ཅན་ཚུ་ སྔོན་གོང་གི་ རྩ་འབྲོག་ཚུ་ནང་ ག་མནོཝ་སྦེ་ བཏང་ནི་མེདཔ་བཟོ་ནུག།
དེ་སྦེ་ བཟོ་མི་དེ་ཡང་ རྒྱ་གར་གྱི་ དམག་མི་ཚུ་གིས་ ཞི་བའི་མི་སེར་ཚུ་ བདག་དབང་མེད་པའི་ ས་ཁོངས་ཟེར་ ངོས་འཛིན་འབད་བའི་ ས་ཆ་ཚུ་ནང་ འཛུལ་མ་བཅུག་པར་ སྒོ་ནོར་འཚོ་སྐྱོང་འབད་ནི་ལུ་ དཀའ་ངལ་ཐོན་དོ་ཡོདཔ་ལས་ ལ་ལོ་ཅིག་གིས་ སྒོ་ནོར་ཚུ་བཙོང་སྟེ་ མི་ཚེ་སྐྱོང་ནི་གི་ ཐབས་ལམ་གཞན་ འཚོལ་ནི་གི་ མནོ་བསམ་ཡང་ གཏང་མས་ཟེར་ཨིན་པས།
ལ་དྭགས་ཀྱི་ འབྱོགཔ་དེ་ཚུ་ ད་རེས་ རྒྱ་གར་དང་ རྒྱ་ནག་གི་བར་ན་ རྩོད་རྙོག་ཐོན་ཏེ་ཡོད་མི་ ས་མཚམས་བདའ་སྟེ་ དྲན་ཚོར་ཅན་གྱི་ས་ཁོངས་ ཀི་ལོ་མི་ཊར་ ༣,༣༧༩ འབད་མིའི་ནང་ སྡོད་དོ་ཡོདཔ་ད་ ལོ་ངོ་ ༤ གི་ཧེ་མར་ ལ་དྭགས་དང་ ཨག་སའི་ཅིན་ཟེར་སར་ རྒྱ་གར་དང་ རྒྱ་ནག་གི་ དམག་མི་ཚུ་གི་བར་ན་ ཟིང་འཁྲུག་ལང་སྟེ་ རྒྱ་གར་གྱི་ དམག་མི་ ༢༠ དང་ རྒྱ་ནག་གི་ དམག་མི་ ༤ ལུ་ ཤི་རྐྱེན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1435249
Views Today :
Total views : 5000
Who's Online :