
སྤྱི་ཟླ་ ༤ པའི་ཚེས་ ༡༩ ལུ་ བང་ལ་དེཤ་དང་ འབྲུག་གི་བར་ན་ ཕྱི་འབྲེལ་ཡིག་ཚང་གི་ གྲོས་འཛོམས་ཐེངས་ ༣ པ་དེ་ ཐིམ་ཕུ་ལུ་ འགོ་འདྲེན་འཐབ་མིའི་ནང་ བང་ལ་དེཤ་གི་ སྡེ་ཚན་དེ་ བང་ལ་དེཤ་གི་ ཕྱི་འབྲེལ་དྲུང་ཆེན་ མ་སུད་བིན་མོ་མེན་དང་ འབྲུག་གི་སྡེ་ཚན་དེ་ འབྲུག་གི་ཕྱི་འབྲེལ་དྲུང་ཆེན་ ཨམ་པདྨ་ཆོས་སྒྲོན་གྱི་ འགོ་ཁྲིད་ཐོག་ལུ་ རྒྱལ་ཁབ་ ༢ ཀྱི་ གཞུང་ཚབ་ ༢ དང་ ཆེ་མཐོའི་འགོ་དཔོན་ཚུ་གིས་ གྲལ་གཏོགས་འབད་ནུག།
ཕྱི་འབྲེལ་ཡིག་ཚང་གི་ གྲོས་འཛོམས་སྐབས་ལུ་ བང་ལ་དེཤ་དང་ འབྲུག་གི་བར་ན་ ཟུང་ཕྱོགས་མཐུན་འབྲེལ་གྱི་སྐོར་ལས་ གནད་དོན་ལེ་ཤ་ཅིག་གུ་ གྲོས་བསྟུན་ འབད་ཡོདཔ་ད་ དེ་བསྒང་ ཕྱོགས་གཉིས་ཆ་རའི་ཧོངས་ལས་ རྒྱལ་ཁབ་ ༢ ཀྱི་བར་ན་ མཐུན་ལམ་མཆོག་འགྱུར་ཡོད་མི་ལུ་ ཡིད་ཆེས་ཡོད་ལུགས་ཚུ་ བཤད་ཡོདཔ་ཨིན་པས།
ལྷག་པར་དུ་ཡང་ ཕན་ཚུན་མོས་མཐུན་གྱི་ མཐའ་དོན་ཚུ་གི་ནང་ལས་ དམིགས་བསལ་ལུ་ ཚོང་འབྲེལ་དང་ གསོ་བ་ མ་རྩ་གཞི་བཙུགས་ ནུས་ཤུགས་ མཐུད་འབྲེལ་ བལྟ་བཤལ་ ལམ་སྲོལ་ དེ་ལས་ ཤེས་རིག་ཚུ་ནང་ མཉམ་འབྲེལ་གོང་འཕེལ་གྱི་སྐོར་ལས་ གསུང་གྲོས་ཚུ་གནང་ནུག།
དེ་ཁ་ལུ་ མདང་ཞག་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བང་ལ་དེཤ་ལུ་ གཟིགས་སྐོར་གནངམ་ད་ ཐུགས་ཐག་བཅད་གནང་མི་དང་ མཚན་རྟགས་བཀོད་ མི་ གོ་དོན་ཆིངས་ཡིག་ཚུ་ ལག་ལེན་འཐབ་ཐངས་ཚུ་གི་སྐོར་ལས་ཡང་ ཕྱི་འབྲེལ་དྲུང་ཆེན་ ༢ ཀྱི་བར་ན་ གྲོས་བསྟུན་འབད་ཡོདཔ་ད་ ལག་ལེན་གྱི་ ཐབས་ལམ་དེ་ཚུའི་དོན་ལུ་ ལས་བྱེད་སྡེ་ཚན་ཚུ་ཡང་ མགྱོགས་པ་ར་ གཞི་བཙུགས་འབད་ནི་སྦེ་ ཁ་འཆམ་ཡོདཔ་ཨིན་པས།
བང་ལ་དེཤ་གི་ ཕྱི་འབྲེལ་དྲུང་ཆེན་གྱིས་ བང་ལ་དེཤ་ལས་ འབྲུག་ལུ་འོང་མི་ བལྟ་བཤལཔ་ཚུ་ལུ་ ཡུན་བརྟན་གོང་འཕེལ་གྱི་འཐུས་དེ་ མར་ཕབ་འབད་དགོཔ་སྦེ་ བཤད་མི་དེ་ལུ་ འབྲུག་གི་ཁ་ཐུག་ལས་ འོས་འབབ་ཅན་གྱི་ བསམ་ཞིབ་ཚུ་འབད་ནི་ཨིནམ་སྦེ་བཤད་ནུག།
འབྲུག་གི་ཕྱི་འབྲེལ་དྲུང་ཆེན་གྱིས་ རྒྱལ་ཁབ་ ༢ ཀྱི་བར་ན་ ཚོང་འབྲེལ་དང་ མ་རྩ་གཞི་བཙུགས་ཀྱི་ མཉམ་འབྲེལ་ནང་ བརྩོན་ཤུགས་བསྐྱེད་དགོཔ་ཡོད་ལུགས་ བཤད་ཡོདཔ་མ་ཚད་ ཕྱི་འབྲེལ་དྲུང་ཆེན་གཉིས་ཆ་རའི་ ཁ་ཐུག་ལས་ སཱག་དང་ བིམ་སི་ཊེག་གི་ བྱ་སྒོ་ཚུ་ཡང་ བསྐྱར་གསོ་འཕྲོ་མཐུད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
བང་ལ་དེཤ་གི་ ཕྱི་འབྲེལ་དྲུང་ཆེན་དེ་ འབྲུག་གི་ཕྱི་འབྲེལ་དང་ ཕྱིར་ཚོང་ལྷན་ཁག་གི་བློན་པོ་ ཌི་ཨེན་དུང་གེལ་གྱི་ སྐུ་མདུན་ལུ་ བཅར་ཡོདཔ་བཞིན་དུ་ ཚོང་འབྲེལ་དང་ མ་རྩ་གཞི་བཙུགས་ ཀུ་རི་ག་རམ་གྱི་ དམིགས་བསལ་གྱི་ དཔལ་འབྱོར་ས་ཁོངས་ དེ་ལས་ ནུས་ཤུགས་དང་ གསོ་བ་ ཤེས་རིག་ཚུ་ནང་ མཉམ་འབྲེལ་ཚུ་གི་སྐོར་ལས་ཡང་ གསུང་གྲོས་གནང་ཡོད་པའི་གནས་ཚུལ།






Users Today : 1334
Users Yesterday : 1695
This Month : 41542
This Year : 221445
Total Users : 933261
Views Today : 3768
Total views : 2722477
Who's Online : 9