
འབྲུག་རྒྱལ་ཁབ་ནང་ སྐྱབས་མགོན་ས་སྐྱ་ཁྲི་ཆེན་གོང་མ་རིན་པོ་ཆེ་མཆོག་གིས་ ཉིན་གྲངས་ ༡༠ གྱི་རིང་ལུ་ ཆོས་དོན་གཟིགས་སྐོར་གནང་སྟེ་ རང་ཟླ་ ༣ པའི་ཚེས་ ༡༠ སྤྱི་ཟླ་ ༤ པའི་ཚེས་ ༡༨ ལུ་ སྤ་རོ་རྒྱལ་སྤྱི་གནམ་ཐང་ལས་ རྒྱ་གར་དིལླི་ལུ་ ཆིབས་བསྐྱོད་གནང་ཡོདཔ་ད་ ཉིནམ་དེ་གི་ཧེ་མར་ སྤ་རོ་སྟག་ཚང་ལུ་ཡང་གཟིགས་སྐོར་གནང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རང་ཟླ་ ༣ པའི་ཚེས་ ༨ སྤྱི་ཟླ་ ༤ པའི་ཚེས་ ༡༦ ལུ་ སྐྱབས་མགོན་ས་སྐྱ་ཁྲི་ཆེན་གོང་མ་རིན་པོ་ཆེ་མཆོག་དང་ རྫོང་གསར་འཇམ་དབྱངས་མཁྱེན་རྩེ་རིན་པོ་ཆེ་ དེ་ལས་ བདག་མོ་བཀྲིས་ལྷ་སྐྱིད་ཀྱིས་ དབུ་གཙོས་པའི་ དཔོན་གཡོག་ཚུ་ སྤུངས་ཐང་བདེ་བ་ཆེན་པོའི་ ཕོ་བྲང་ནང་ཡང་ གཟིགས་སྐོར་གནང་ཡོདཔ་ད་ དེ་བསྒང་ གཞུང་གྲྭ་ཚང་ལྟེ་བའི་ སློབ་དཔོན་ལྷན་རྒྱས་དང་ དགེ་འདུན་པ་ཚུ་གིས་ ཕེབས་བསུ་ཞུ་ནུག།
སྤུ་ན་ཁའི་ རྫོང་ནང་སྦེ་ སྐྱབས་མགོན་ས་སྐྱ་ཁྲི་ཆེན་གོང་མ་རིན་པོ་ཆེ་མཆོག་གིས་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་དང་ སློབ་དཔོན་ལྷན་རྒྱས་ཚུ་དང་ མཇལ་ཕྲད་མཛད་གནང་ཡོདཔ་མ་ཚད་ གཞུང་གྲྭ་ཚང་ལྟེ་བའི་ ཁ་ཐུག་ལས་ སྐྱབས་མགོན་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་ སྐུ་ཚེ་ཞབས་པད་བརྟན་ཐབས་ལུ་ སྐུ་གསུང་ཐུགས་ཀྱི་ མཎྜལ་ཚུ་ཡང་ ཕུལ་ཡོདཔ་ཨིན་པས།
དགུང་ལོ་ ༨༦ བཞེས་མི་ སྐྱབས་མགོན་ས་སྐྱ་ཁྲི་ཆེན་གོང་མ་རིན་པོ་ཆེ་མཆོག་ རྒྱལ་ཁབ་ནང་ ཆོས་དོན་གཟིགས་སྐོར་ལུ་ བྱོན་གནང་མི་དེ་ འགོ་དང་པ་ཨིནམ་ད་ དེ་སྦེ་ བྱོན་མི་དེ་ཡང་ དཔལ་ས་སྐྱ་པ་དང་ དཀར་བརྒྱུད་ཀྱི་ ཆོས་བརྒྱུད་ཕན་ཚུན་ ༢ ཀྱི་བར་ན་ དུས་རབས་ ༡༧ པའི་ནང་ལས་ར་ འབྲེལ་བ་ལེགས་ཤོམ་ཡོད་པའི་ཁར་ ས་སྐྱ་ཁྲི་ཆེན་ ༢༤ པ་ འཇམ་དབྱངས་བསོད་ནམས་དབང་པོ་མཆོག་གིས་ དཔལ་ཞབས་དྲུང་རིན་པོ་ཆེ་མཆོག་ལུ་ ཞབས་བརྟན་ཚུ་ཡང་ ཕུལ་ཡོདཔ་སྦེ་ གཞུང་གྲྭ་ཚང་གི་ ཕེཛ་བུག་ནང་བཀོད་ནུག།
སྤྱི་ཟླ་ ༤ པའི་ཚེས་ ༩ ལས་ འགོ་བཙུགས་ཏེ་ སྐྱབས་མགོན་ས་སྐྱ་ཁྲི་ཆེན་གོང་མ་རིན་པོ་ཆེ་མཆོག་གིས་ ཆོས་དོན་གཟིགས་སྐོར་དེ་ཡང་ སྤ་རོ་དང་ ཐིམ་ཕུ་ ཀྲོང་གསར་ བུམ་ཐང་ སྤུ་ན་ཁ་ཚུ་གི་ ས་གནས་ཁག་གི་ནང་ གནང་ཡོད་པའི་གནས་ཚུལ།






Users Today : 142
Users Yesterday : 1351
This Month : 41701
This Year : 221604
Total Users : 933420
Views Today : 334
Total views : 2722841
Who's Online : 11