
ཤིང་འབྲུག་ཟླཝ་ ༣ པའི་ཚེས་ ༡༤ སྤྱི་ཟླ་ ༤ པའི་ཚེས་ ༢༢ ལུ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་སྦེ་ བླམ་གནས་བརྟན་དང་ དབུ་འཛིན་འོགམ་ དེ་ལས་ སྲུང་འཁོརཔ་ ༢ གསར་བསྐོས་ཐོག་ལུ་ བཀྲ་ཤིས་ལེགས་དར་གནང་ནུག།
བཀྲིས་གཡང་རྩེའི་ བླམ་གནས་བརྟན།
དབང་འདུས་རྫོང་ཁག་ ཉི་ཤོག་རྒེད་འོག་ གཡུས་དགེ་ལེགས་ཁ་ལས་ བླམ་ཚེ་རིང་རྡོ་རྗེ་དེ་ བཀྲིས་གཡང་རྩེ་རབ་སྡེའི་ བླམ་གནས་བརྟན་སྦེ་ བསྐོ་བཞག་ནང་ཡོདཔ་ཨིན་པས།
བླམ་ཚེ་རིང་རྡོ་རྗེ་གིས་ དགུང་ལོ་ ༡༢ ལས་ སྤུངས་ཐིམ་གྲྭ་ཚང་ནང་ འཛུལ་ཞུགས་མཛད་དེ་ གར་ཐིག་དབྱངས་གསུམ་ལུ་ སྦྱངས་པ་མཐར་ཕྱིན་མཛད་པའི་ཤུལ་ལས་ མདོ་སྡེ་བྲག་བཤད་གྲྭ་དང་ རྟ་མགོ་ནང་པའི་གཙུག་ལག་སློབ་གྲྭ་ལས་ ཐོས་བསམ་གྱི་རིམ་པ་ཚུ་ མཐར་ཕྱིན་མཛད་ནུག།
དེ་ལས་ སྐྱབས་རྗེ་ཞིང་གཤེགས་དམ་པ་ རྗེ་བཙུན་བསྟན་འཛིན་དོན་གྲུབ་མཆོག་དང་ སྐྱབས་རྗེ་རིན་པོ་ཆེ་ རྡོར་སློབ་ངག་དབང་བསོད་ནམས་རྒྱ་མཚོ་ཚུ་ལས་ དབང་ལུང་ཁྲིད་གསུམ་གྱི་ གདམས་ངག་ཡོངས་རྫོགས་ཞུ་སྟེ་ དཔལ་གྱི་རི་སྒྲུབ་སྡེའི་ནང་ ལོ་གསུམ་ཕྱོགས་གསུམ་ གནང་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ སྤ་རོ་གདོང་དཀར་ལའི་བླམ་དང་ གཞུང་གྲྭ་ཚང་གི་ ཆོས་རྒྱུགས་དྲུང་ཆེན་འོག་མ་ སྤུངས་ཐིམ་གྲྭ་ཚང་ནང་ སྒྲ་པའི་ཞུ་ཆེན་གྱི་ ཕྱག་འགན་ཚུ་ཡང་ རིམ་པ་བཞིན་དུ་སྦེ་ ཕྱག་ཞུ་ནུག།
རྒྱ་གར་ཀ་ལི་ཕུའི་ ཕོ་བྲང་ནང་ མི་དབང་མཆོག་གི་སྲུང་འཁོརཔ།
སྤུ་ན་ཁ་རྫོང་ཁག་ བར་པའི་རྒེད་འོག་ གཡུས་ལོད་སྦི་ས་ལས་ སྐྱེས་ལོ་ ༤༤ འབད་མི་ བཀྲ་ཤིས་དབང་ཕྱུག་དེ་ རྒྱ་གར་ཀ་ལི་ཕུའི་ ཕོ་བྲང་ནང་ མི་དབང་མཆོག་གི་སྲུང་འཁོརཔ་སྦེ་ བསྐོ་བཞག་གནང་ཡོདཔ་ཨིན་པས།
ཁོ་གིས་ སྐྱེས་ལོ་ ༡༠ ལས་ ཐིམ་ཕུ་བདེ་ཆེན་ཕོ་བྲང་ དགེ་འདུན་སློབ་གྲྭའི་ནང་ འཛུལ་ཞུགས་འབད་དེ་ གཞི་རིམ་ཤེས་ཡོན་ ལྷབ་སྦྱངས་འབད་ཞིནམ་ལས་ གཞུང་སྦུག་གྲལ་པའི་ སྡེ་ཚན་ནང་ སྒྲིག་རྒྱུགས་ཏེ་ གར་ཐིག་དབྱངས་གསུམ་ལུ་ སྦྱངས་བརྩོན་དང་ སྤུ་ན་ཁ་ ལེགས་བཤད་འབྱུང་གནས་ བཤད་གྲྭའི་ནང་ སྒྲ་སློབ་ཞིང་གཤེགས་ ཀུན་ལེགས་རྒྱལ་མཚན་མཆོག་ལས་ གཞུང་ཆེན་བཅུ་གསུམ་ལུ་ སྦྱངས་བརྩོན་འབད་བའི་ཤུལ་ལས་ གཞུང་སྦུག་གྲལ་པའི་ སློབ་དཔོན་དང་ འཆམ་གྱི་སློབ་དཔོན་སྦེ་ ལོ་ངོ་ ༥ ལྷགཔ་ཅིག་ ཕྱག་ཞུ་ནུག།
དེ་ལས་ སྐྱབས་རྗེ་ཁྲི་ཟུར་ཞིང་གཤེགས་དང་ རྡོ་རྗེ་སློབ་དཔོན་ གྲུབ་ཐོབ་ཀརྨ་འགྱུར་མེད་ལ་སོགས་པའི་ སྐྱེས་བུ་དམ་པ་ཚུ་ལས་ སྙན་བརྒྱུད་ཕྱག་ཆེན་ཆོས་དྲུག་གི་ གདམས་ངག་ཡོངས་རྫོགས་ཞུ་སྟེ་ ལོ་གསུམ་ཕྱོགས་གསུམ་ཡང་ ལན་ཐེངས་ ༢ ལྷགཔ་ཅིག་ གནང་ཡོདཔ་ཨིན་པས།
དེ་མ་ཚད་ གཞུང་གྲྭ་ཚང་གི་ མཆོད་དཔོན་སྦེ་ ལོ་ངོ་མང་རབ་ཅིག་ ཕྱག་ཞུ་བའི་ཤུལ་ལུ་ སྲུང་འཁོར་པའི་ གོ་གནས་འདི་ཁར་ བསྐོ་བཞག་མ་གནང་པའི་ཧེ་མར་ ཐིམ་ཕུ་ལྷོང་འཚོ་དགོན་པ་ལུ་ ཐུགས་དམ་གནང་སྟེ་བཞུགས་ནུག།
དགེ་ལེགས་ཕུག་ལུ་ དམག་སྡེ་བྱང་གསེང་ ༩ པའི་སྲུང་འཁོརཔ།
དབང་འདུས་རྫོང་ཁག་ ཕང་ཡུལ་རྒེད་འོག་ གཡུས་ཁྱུང་གནས་དགོན་པ་ལས་ སྐྱེས་ལོ་ ༣༦ འབད་མི་ མགོན་པོ་རྡོ་རྗེ་དེ་ དགེ་ལེགས་ཕུག་ལུ་ རྒྱལ་གཞུང་འབྲུག་གི་དམག་སྡེ་ བྱང་གསེང་ ༩ པའི་ སྲུང་འཁོརཔ་སྦེ་ བསྐོ་བཞག་གནང་ཡོདཔ་ཨིན་པས།
ཁོ་གིས་ སྐྱེས་ལོ་ ༨ ལས་ དབང་འདུས་གྲྭ་ཚང་ནང་ མཚན་ཐོ་བཀོད་དེ་ ཤར་ཁྱུང་གནས་དགོན་པ་ལུ་ དབྱངས་པའི་སློབ་དཔོན་སྐུ་བགྲེས་ འཆི་མེད་ལས་ འབྲུག་ལུགས་ཀྱི་ གར་ཐིག་དབྱངས་གསུམ་ཚུ་ལུ་ སྦྱངས་བརྩོན་འབད་བའི་ཁར་ སྐྱེས་ལོ་ ༡༢ ལས་ ཤར་མཁོ་ཐང་རིན་ཆེན་གླིང་ བཤད་གྲྭའི་ནང་ ཚོགས་ཀྱི་སློབ་དཔོན་ སངས་རྒྱས་མཁའ་འགྲོ་ལས་ རིག་པའི་གནས་ དག་ཡིག་ལས་ འགོ་བཟུང་སྟེ་ འཛིན་རིམ་བཞི་པ་ཚུན་ སྦྱངས་བརྩོན་འབད་ནུག།
དེ་ལས་ སྤྱི་ལོ་ ༢༠༡༣ ལུ་ རྟ་མགོ་ནང་པའི་གཙུག་ལག་སློབ་གྲྭའི་ནང་ལས་ འཛིན་རིམ་དགུ་པ་ མཐར་འཁྱོལ་ཡོདཔ་ད་ སྤྱི་ལོ་ ༢༠༡༦ ལས་ སྐྱབས་རྗེ་ཞིང་གཤེགས་དམ་པ་ རྗེ་བཙུན་བསྟན་འཛིན་དོན་གྲུབ་མཆོག་ལས་ ཕྱག་ཆེན་སྔོན་འགྲོ་དང་ དཔལ་ལྡན་འབྲུག་པའི་ལུགས་ཀྱི་ ནཱ་རོ་ཆོས་དྲུག་ལ་སོགས་པའི་ ལྟ་སྒོམ་སྤྱོད་འབྲས་ཀྱི་ ཁྲིད་ཡིག་ཚུ་ ཞུ་ཞིནམ་ལས་ རྟ་མགོ་རྫོང་ཁ་ལུ་ ལོ་གསུམ་ཕྱོགས་གསུམ་གྱི་ སྒྲུབ་པ་ཡང་གནང་ཡོདཔ་ཨིན་པས།
སྲུང་འཁོར་པའི་ གོ་གནས་འདི་ཁར་ བསྐོ་བཞག་མ་གནང་པའི་ཧེ་མར་ རྟ་མགོ་གསང་ཆེན་རྡོ་རྗེ་ཐེག་པའི་ སློབ་སྦྱོང་སྤེལ་ཁང་གི་ རིག་འཛིན་སློབ་དཔོན་སྦེ་ ཕྱག་ཞུ་ནུག།
མོང་སྒར་རྒྱལ་པོའི་ཞིང་ སློབ་གྲྭ་ལྟེ་བའི་ དབུ་འཛིན་འོགམ།
དབང་འདུས་ཕོ་བྲང་རྫོང་ཁག་ ཉི་ཤོག་རྒེད་འོག་ ཡུལ་སྒོ་དགའ་ལས་ སྐྱེས་ལོ་ ༣༣ འབད་མི་ བསོད་ནམས་རྡོ་རྗེ་དེ་ མོང་སྒར་རྒྱལ་པོའི་ཞིང་ སློབ་གྲྭ་ལྟེ་བའི་ དབུ་འཛིན་འོགམ་སྦེ་ བསྐོ་བཞག་གནང་ཡོདཔ་ཨིན་པས།
ཁོ་གིས་ སྐྱེས་ལོ་ ༡༤ ལས་ གཞུང་གྲྭ་ཚང་ནང་ འཛུལ་བཞུགས་འབད་དེ་ དཀྱིལ་ཆོག་སྐོར་དང་ རྟ་ལོག་བཤད་གྲྭ་དང་ སྤ་རོ་གསང་ཆེན་ཆོས་འཁོར་ ཐིམ་ཕུ་རྡོར་གདན་བཀྲིས་ཐང་ཚུ་ལས་ རིམ་པ་བཞིན་དུ་སྦེ་ འཛིན་རིམ་ ༩ པ་ མཐར་ཕྱིན་པའི་ཤུལ་ལས་ ནཱ་ལནྜ་དང་ ལྕགས་རི་དགོན་པ་ཚུ་ནང་ ལོ་གསུམ་ཕྱོགས་གསུམ་ གནང་ཡོདཔ་ཨིན་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1436628
Views Today :
Total views : 5000
Who's Online :