སློབ་གྲྭ་ཚུ་གེ་ར་ རེས་གཟའ་ཉི་མར་ ངལ་གསོའི་གསལ་བསྒྲགས།

སྤྱི་ཟླ་ ༥ པའི་ཚེས་ ༢ ལུ་ མི་དབང་འབྲུག་རྒྱལ་གསུམ་པ་ དཔལ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གི་ འཁྲུངས་སྐར་དུས་དྲན་ བརྩི་སྲུང་དང་འབྲེལ་ཏེ་ ལོ་བསྟར་བཞིན་དུ་ རྒྱལ་ཁབ་ནང་ སློབ་དཔོན་གྱི་ཉིནམ་སྦེ་ཡང་ བརྩི་སྲུང་ཞུ་སྲོལ་ཡོདཔ་ཨིན་པས།
དེ་ཡང་ དུས་ཅི་ ཤེས་རིག་དང་ རིག་རྩལ་གོང་འཕེལ་ལྷན་ཁག་གི་ འགོ་འདྲེན་ཐོག་ལུ་ ཅང་གླིང་མའི་ཐང་ནང་སྦེ་ རྒྱལ་ཡོངས་སློབ་དཔོན་གྱི་ཉིནམ་ བརྩི་སྲུང་ཞུ་བའི་ དམིགས་བསལ་གྱི་ དུས་སྟོན་དེ་ཁར་ མི་རྗེ་བློན་ཆེན་མཆོག་གིས་གཙོས་པའི་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་དང་ ཆེ་མཐོའི་སྐུ་མགྲོན་ཚུ་ དེ་ལས་ ཐིམ་ཕུ་ནང་འཁོད་ཀྱི་ སློབ་གྲྭ་ཁག་ལས་ སློབ་དཔོན་དང་ སློབ་ཕྲུག་སྟོང་ཕྲག་ ༡༠ དེ་ཅིག་ སྤུངས་འཛོམས་འབད་ནུག།
དེ་བསྒང་ མི་རྗེ་བློན་ཆེན་གྱིས་ རྒྱལ་ཁབ་ནང་ སློབ་དཔོན་ཚུ་གིས་ གལ་གནད་ཆེ་བའི་ འགན་ཁུར་དང་ ཤེས་རིག་གི་ ལམ་ལུགས་ཡར་དྲག་གཏང་དགོ་པའི་སྐོར་ལས་ གསུང་བཤད་གནང་པའི་ ནང་གསེས་ལས་ སྤྲོ་འཕེལ་ཅན་གྱི་ གནད་དོན་དེ་ཡང་ ད་ལས་ཕར་ སློབ་གྲྭ་ཚུ་ རེས་གཟའ་ཉི་མར་ ངལ་གསོ་སྦེ་ བཞག་ནི་ཨིན་པའི་ གསལ་བསྒྲགས་གནང་མི་དེ་ཨིན་པས།
མི་རྗེ་བློན་ཆེན་གྱིས་ གནད་དོན་དེ་གི་སྐོར་ལས་ གྲོས་བསྡུར་མཐིལ་ཕྱིན་འབད་བའི་སྐབས་ ཁེ་གྱོང་འབག་མི་ཚུ་གིས་ ཤེས་རིག་གི་གནས་ཚད་ རྒྱུན་སྐྱོང་གི་དོན་ལུ་ རྒྱལ་ཁམས་མཐའ་དབུས་མེད་པར་ ཤེས་རིག་གི་ སྤུས་ཚད་ཡར་དྲགས་གཏང་ཚུགས་ནི་ཨིན་པའི་ ཡིད་ཆེས་དང་བསྟུན་ཏེ་ རེས་གཟའ་ཉི་མར་ ངལ་གསོ་བཞག་ནི་སྦེ་ ཐུགས་ཐག་བཅད་གནང་ཡི་ཟེར་གསུངས་ནུག།
དུས་སྟོན་དེ་ཡང་ སློབ་དཔོན་ཡོངས་ལུ་ གུས་བཀུར་གྱི་ བརྡ་མཚོན་ལུ་ འབྱོན་པ་ལེགས་སོ་དང་བཅས་པའི་ ཁ་དར་ཚུ་ གནང་པའི་ཤུལ་ལས་ རྩེད་རིགས་ཀྱིས་གཙོས་པའི་ རང་ལུགས་ཀྱི་ ལས་རིམ་ཚུ་དང་ ཁ་རྗེ་རྒྱན་ཤོག་ཚུ་ འགོ་འདྲེན་འཐབ་ཡོདཔ་ལས་ ག་ནི་བ་ སྤྲོ་བ་ཆེ་ཏོག་ཏོ་གི་ དུས་སྟོན་ཅིག་ལུ་ གྱུར་ཡོདཔ་ཨིན།
འབྲུག་ལུ་ རྒྱལ་ཡོངས་སློབ་དཔོན་གྱི་ཉིནམ་དེ་ མི་དབང་འབྲུག་རྒྱལ་གསུམ་པ་མཆོག་གིས་ ཤེས་རིག་གི་ལམ་ལུགས་ འགོ་དང་པ་ གཞི་བཙུགས་གནང་ཡོདཔ་ལས་ གཏིང་ཟབ་ཆེ་བའི་ དུས་སྟོན་ཅིག་སྦེ་ བརྩི་མཐོང་བསྐྱེད་དོ་ཡོདཔ་མ་ཚད་ སློབ་དཔོན་ཚུ་གིས་ རྒྱལ་ཁམས་ཀྱི་ ན་གཞོན་ཚུ་གི་ མ་འོངས་པའི་མཐའ་དོན་ལུ་ འགྱུར་ལྡོག་མེད་པའི་ དད་དམ་ལུ་ གུས་བཏུད་ཀྱི་ཚུལ་ལུ་ཡང་ བརྩི་སྲུང་ཞུཝ་ཨིན་པས།
དེ་བཟུམ་མའི་ རྒྱལ་ཡོངས་སློབ་དཔོན་གྱི་ཉིནམ་དེ་ འགོ་དང་པ་ ཐིམ་ཕུ་ལུ་སྦེ་ སྤྱི་ལོ་ ༢༠༠༣ ལོར་ བརྩི་སྲུང་ཞུ་ཡོདཔ་ད་ དུས་དེ་ལས་ཚུར་ རྒྱལ་ཁམས་ཡོངས་ཀྱི་ སློབ་དཔོན་ཚུ་ལུ་ གལ་གནད་ཆེ་བའི་ ཕན་རླབས་ཀྱི་དོན་ལས་ གུས་བཏུད་ཀྱི་ཉིནམོ་སྦེ་ ལོ་བསྟར་བཞིན་དུ་ བརྩི་སྲོལ་ཞུ་ནི་ དར་ཁྱབ་སོང་ཡོད་པའི་གནས་ཚུལ།

Please follow and like us: