རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ སྨྱོ་རྫས་ནག་ཚོང་འཐབ་མི་འཛིན་བཟུང་།

སྤྱི་ཟླ་ ༥ པའི་ཚེས་ ༥ ལུ་ སྤུ་ན་ཁའི་ སྨྱོ་རྫས་བཅའ་ཁྲིམས་བསྟར་སྤྱོད་ལས་ཚན་གྱིས་ སྐྱེས་ལོ་ ༤༣ འབད་མི་ ཕོ་སྐྱེས་ཅིག་ ཐིམ་ཕུ་ལས་ སྤུ་ན་ཁ་ལུ་ འགྱོ་བའི་ལམ་ཁར་ ཊ་མ་ཌཱོལ་བླ་བསྲེས་ཡོད་མི་ སྨྱོ་རྫས་ཨེཛ་པི་+ སྨན་ཐུམ་ ༥,༤༧༧ དང་ ནའེ་ཊོ་སཱན་-༡༠ ཟེར་མི་ ལེབ་གྲངས་ ༢༦༩ དེ་ལས་ ཀོ་ཌིན་སྨན་ཁུ་ དམ་སྦྱིས་ ༡ དང་སྦྲགས་ཏེ་ འཛིན་བཟུང་འབད་ནུག།

དྲི་དཔྱད་འབདཝ་ད་ མི་ངོམ་དེ་གིས་ སྤྱི་ཟླ་ ༤ པའི་ཚེས་ ༢༩ ལུ་ ཇའི་སྒང་ལས་ སྨྱོ་རྫས་ཚོང་འབྲེལ་འཐབ་མི་  རྒྱ་གར་གྱི་མི་ཁུངས་ ཀཱ་ལེ་ཟེར་མི་ འགྲུལ་འཕྲིན་ཨང་ +༩༡༨༥༡༤༩༥༦༢༣༥ ཅན་མ་ ལག་ལེན་འཐབ་མི་ལས་ དངུལ་ཀྲམ་ ༧༢,༠༠༠ སྤྲོད་དེ་ སྨྱོ་རྫས་ཚུ་ ཉོ་ཡི་ཟེར་ཨིན་པས།

མི་ངོམ་དེ་གིས་ ཧེ་མ་ཡང་ སྨྱོ་རྫས་ཚུ་ ནག་ཚོང་འཐབ་ཡོདཔ་ལས་ ལོ་ངོ་ ༥ གི་ བཙོན་ཁྲིམས་འབག་ནུག།

དེ་བཟུམ་སྦེ་ སྤྱི་ཟླ་ ༥ པའི་ཚེས་ ༣ ལུ་ སྤ་རོའི་སྨྱོ་རྫས་བཅའ་ཁྲིམས་བསྟར་སྤྱོད་ལས་ཚན་གྱིས་ཡང་ སྤ་རོའི་ཁྲོམ་ཁ་ལས་ སྐྱེས་ལོ་ ༢༤ འབད་མི་ ཕོ་སྐྱེས་ ༡ དང་ སྐྱེས་ལོ་ ༢༡ འབད་མི་ ཨམ་སྲུ་ ༡ ཊ་མ་ཌཱོལ་བླ་བསྲེས་ཡོད་མི་ སྨྱོ་རྫས་ཨེཛ་པི་+ སྨན་ཐུམ་ ༤༢༦ དང་སྦྲགས་ཏེ་ འཛིན་བཟུང་འབད་ཡོདཔ་ཨིན་པས།

ཁོང་ ༢ ཀྱིས་ སྨྱོ་རྫས་དེ་ སྤ་རོ་ལས་ ངོས་འཛིན་མེད་པའི་ མི་ངོམ་ཅིག་ལས་ ཉོས་ཡོདཔ་སྦེ་སླབ་ནུག། ད་རེས་ ཁོང་ཆ་ཁྱབ་ རྒྱལ་གཞུང་འགག་སྡེའི་ དོ་དམ་འོག་ལུ་ཡོདཔ་ད་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ ཁྲིམས་འགལ་ཐོག་ལས་ སྨྱོ་རྫས་ནག་ཚོང་གི་ ཡོངས་འབྲེལ་གྱི་སྐོར་ལས་ ཧ་གོ་ཚུགས་ནི་དང་ རྩ་མེད་བཏང་ཐབས་ལུ་ ཞིབ་དཔྱད་ཚུ་ མཐིལ་ཕྱིན་འབད་དོ་ཡོདཔ་ཨིན་པའི་གནས་ཚུལ།

Please follow and like us: