ག་ཟ་ཁྲོམ་ཁར་ བཟའ་ཆས་ཀྱིས་ མ་ལང་པའི་དཀའ་ངལ།

ཨཱལ་ཇ་ཟི་ར།
སྤྱི་ཟླ་ ༥ པའི་ཚེས་ ༨ ལུ་ པེ་ལིཛ་ཊིན་གྱི་ཁྲོམ་ ལྷོ་ཕྱོགས་ག་ཟ་ལུ་ཡོད་མི་ ར་ཕ་ཨིན་ཌོ་ནེ་ཤི་ཡཱན་ ཡན་ལག་སྨན་ཁང་ནང་ ཨིཛ་རེལ་གྱིས་ གནོད་འཚུབ་བཀལ་མི་ ནདཔ་ཚབས་ཆེན་ཚུ་ སྨན་བཅོས་འབད་དོ་ཡོདཔ་ཨིན་པས།
ཨིན་རུང་ སྨན་ཁང་དེ་ནང་ སྨན་བཅོས་ཀྱི་ མཁོ་ཆས་ཚུ་ ཉིན་གྲངས་ ༣ གྱི་རིང་ལུ་མ་གཏོགས་ མི་ལང་ནི་བཟུམ་ཅིག་འདུག་ཟེར་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ གསལ་བཤད་ཡོདཔ་ད་ དེ་ཡང་ ཨིཛ་རེལ་གྱིས་ གོ་མཚོན་སྟོབས་ཚུ་དང་སྦྲགས་ཏེ་ ས་ཐོག་དམག་སྡེ་ཚུ་ བཏང་ཞིནམ་ལས་ པེ་ལིཛ་ཊིན་གྱི་ཁྲོམ་ རཱ་ཕ་ཟེར་སར་ ཨི་ཇིབ་བརྒྱུད་དེ་ མཁོ་ཆས་སྐྱེལ་འདྲེན་འབད་མི་ འཛུལ་སྒོ་དེ་ཡང་ བཙན་བཟུང་འབད་ནུག།
འཛམ་གླིང་སྤྱི་ཚོགས་ གསོ་བའི་ལས་སྡེའི་ ཡོངས་ཁྱབ་མདོ་ཆེན་གྱིས་ ས་གནས་དེ་ཁར་ མཁོ་ཆས་ཚུ་ སྐྱེལ་འདྲེན་འབད་ནི་སྦེ་ཡོད་རུང་ འཛུལ་སྒོ་བཀག་བཞག་པའི་ཁར་ ཨིཛ་རེལ་གྱི་ དབང་འཛིན་ཚུ་གིས་ གྲོགས་རམ་ཚུ་ཡང་ ཚད་འཛིན་འབདཝ་མས་ཟེར་ཨིན་པས།
ཨིཛ་རེལ་གྱིས་ རཱ་ཕ་ཁྲོམ་ཁར་ ཧ་མཱཛ་དམག་མི་ སྟོང་ཕྲག་སྦེ་ཡོདཔ་ལས་ ས་གནས་དེ་ཁར་ དྲག་པོའི་སྒོ་ལས་ གནོད་འཚུབ་བཀལ་ནི་ཨིན་པའི་ ཉེན་བརྡ་ཡང་འབད་ནུག།
དེ་འབདཝ་ད་ ས་གནས་གཞན་ཁར་ ཕྱད་མདའ་ལས་ཟུར་ཐབས་ལུ་ ཨིཛ་རེལ་གྱིས་ རཱ་ཕ་ལུ་སོང་ཟེར་བའི་ བཀོད་རྒྱ་དང་འཁྲིལ་ཏེ་ པེ་ལིཛ་ཊིན་གྱི་མི་ཁུངས་ ས་ཡ་ ༡.༤ ལྷགཔ་ཅིག་ རཱ་ཕ་ཁྲོམ་ཁར་ སྡོད་ཡོདཔ་ཨིན་པས།
རཱ་ཕ་ཁྲོམ་ཁར་ པེ་ལིཛ་ཊིན་གྱི་ མི་ཁུངས་ལེ་ཤ་ཅིག་ གུར་སྤུབས་ཏེ་ སྡོད་མི་ཚུ་ལུ་ བཟའ་ཆས་དང་ འཐུང་ཆུ་ སྨན་དེ་ཚུ་ མ་ཐོབ་པའི་ དཀའ་ངལ་སྦོམ་ར་ བྱུང་སྟེ་ཡོདཔ་ འཛམ་གླིང་སྤྱི་ཚོགས་ མི་རློབས་མ་དངུལ་གྱིས་ ག་ཟ་ཁྲོམ་ཁར་ཡོད་མི་ སྨན་ཁང་ནང་ བཟའ་ཆས་དང་ སྨན་ཚུ་མེདཔ་ལས་ ཨ་ལོ་སྐྱེ་ནི་ཡོད་མི་ཚུ་ཡང་ སྨན་ཁང་ནང་ བཞག་མ་ཚུགས་པའི་ གནས་སྟངས་ནང་ ལྷོད་དེ་ཡོདཔ་སྦེ་བཤད་ནུག།
དེ་མ་ཚད་ ཨིཛ་རེལ་གྱི་ དམག་མི་ཚུ་ མ་བཏང་པའི་ཧེ་མར་ སྨན་ཁང་དེ་ནང་ ཉིན་བསྟར་བཞིན་དུ་ ཨ་ལོ་ ༡༨༠ དེ་རེ་ སྐྱེས་ས་ལས་ ༨༥ དེ་རེ་ སྨན་ཁང་གིས་ སྐྱོང་བཞག་འཐབ་སྟེ་ སྡོད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: