ཕི་ཇི་རྒྱལ་ཁབ་ཀྱི་ བློན་ཆེན་བགྲེསཔ་ལུ་བཙོན་ཁྲིམས།

ཨཱལ་ཇ་ཟི་ར།
ཕེ་རེང་བའི་ནི་མ་ར་མ་དེ་ སྤྱི་ལོ་ ༢༠༢༢ ཚུན་ ལོ་ངོ་ ༡༥ དེ་ཅིག་གི་རིང་ལུ་ ཕི་ཇི་རྒྱལ་ཁབ་ཀྱི་ བློན་ཆེན་གྱི་ གོ་གནས་ཁར་ སྡོད་པའི་སྐབས་ལུ་ དབང་ཚད་ལོག་སྤྱོད་ཐོག་ལས་ གཙུག་ལག་སློབ་སྡེ་ཅིག་ནང་ ངན་ལྷད་ཞིབ་དཔྱད་མ་འབད་བར་ བཞག་དགོཔ་སྦེ་ བཀོད་རྒྱ་བཏང་ཡོད་པའི་ ཉེས་འཛུགས་ཐོག་ལུ་ ལོ་ངོ་ ༡ གི་ བཙོན་ཁྲིམས་བཀལ་ནུག།
དེ་ཡང་ སྐྱེས་ལོ་ ༧༠ འབད་མི་ དམག་སྡེའི་སྤྱི་ཁྱབ་ བའི་ནི་མ་ར་མ་གིས་ སྤྱི་ལོ་ ༢༠༠༦ ལོར་ གཞུང་སྐྱོང་དབང་ཚད་ བཙན་ལེན་འབད་བའི་ཤུལ་ལས་ སྤྱི་ལོ་ ༢༠༡༤ དང་ ༢༠༡༨ ལུ་ དམངས་གཙོའི་རིང་ལུགས་ནང་ བློན་ཆེན་སྦེ་ བཙག་འཐུ་གྲུབ་ཡོདཔ་ཨིན་པས།
ཨིན་རུང་ སྤྱི་ལོ་ ༢༠༢༢ ཀྱི་ བཙག་འཐུའི་ནང་ལས་ ད་རེས་ཀྱི་བློན་ཆེན་ སི་ཏེ་བེ་ནི་ར་བུ་ཀ་གིས་ འགོ་ཁྲིད་འོག་ལུ་ སྲིད་ཚོགས་མཉམ་བསྡོམས་ཐོག་ལས་ ཕམ་བཏང་ནུག།
སྤྱི་ཟླ་ ༥ པའི་ཚེས་ ༩ ལུ་ བློན་ཆེན་བགྲེསཔ་དེ་ ལག་པར་ཨ་ལོང་བཏགས་ཏེ་ བཙོན་ཁང་ནང་ འཁྱིད་པའི་སྐབས་ ཁོ་རའི་ཨམ་སྲུ་དང་ རྒྱབ་སྐྱོར་འབད་མི་ཚུ་ སུ་བ་ཁྲིམས་ཁང་གི་ཕྱི་ཁར་ སྤུངས་འཛོམས་འབད་ཡོདཔ་ཨིན་པས།
བློན་ཆེན་བགྲེསཔ་ བའི་ནི་མ་ར་མ་གིས་ ཧེ་མ་ ལྷོ་ཨེ་ཤི་ཡ་ གཙུག་ལག་སློབ་སྡེའི་ནང་ ངན་ལྷད་ཀྱི་ཉེས་འཛུགས་ ཞིབ་དཔྱད་འགོ་འདྲེན་འཐབ་ནི་འབདཝ་ད་ ཁོ་གི་རྒྱབ་སྐྱོར་པ་ ཁྲིམས་སྲུང་ལྷན་འཛིན་ སི་ཏི་བེ་ནི་ཀི་ལི་ཧོ་ལུ་ ཞིབ་དཔྱད་ཕྱིར་བུད་བཏང་དགོཔ་སྦེ་ སླབ་ཡོདཔ་ལས་ དྲང་ཁྲིམས་ལུ་ བར་ཆད་རྐྱབ་ཡོད་པའི་ ཉེས་པ་འཁྲིལ་ནུག།
དེ་བཟུམ་སྦེ་ སྤྱི་ལོ་ ༢༠༢༠ སྤྱི་ཟླ་ ༧ པའི་ནང་ ཁྲིམས་སྲུང་ལྷན་འཛིན་ལུ་ཡང་ ལོ་ངོ་ ༢ ཀྱི་ བཙོན་ཁྲིམས་བཀལ་ཡོདཔ་ད་ དེ་ཡང་ དབང་ཚད་ལོག་སྤྱོད་ཐོག་ལས་ ཁེ་སང་བགོ་བཤ་དང་ གོ་གནས་ཡར་སེང་ དེ་ལས་ དངུལ་ཕོགས་ཡར་སེང་ཚུ་དང་འབྲེལ་བའི་ ངན་ལྷད་འབད་ཡོད་པའི་ ཉེས་འཛུགས་འབད་དེ་ བཙོན་ཁྲིམས་བཀལ་ཡོད་རུང་ ཁོང་ ༢ ཀྱིས་ བདེན་ཁུངས་མེདཔ་སྦེ་ བཤདཔ་ཨིན་པས།
བློན་ཆེན་བགྲེསཔ་དེ་ སྤྱི་ཟླ་ ༢༠༢༣ སྤྱི་ཟླ་ ༢ པའི་ནང་ ཁོ་གིས་ ཤུལ་འཛིན་བློན་ཆེན་གྱི་སྐོར་ལས་ བརྙས་བཅོས་ཀྱི་ གསལ་བཤད་ཅིག་འབད་བའི་ཤུལ་ལུ་ འཛིན་བཟུང་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: