མི་དབང་རྒྱལ་ཡུམ་སྐུ་བགྲེས་མཆོག་གིས་ གསོ་བའི་ལྷན་ཁག་ལུ་ ཞལ་འདེབས་སྦེ་ དངུལ་ཀྲམ་ས་ཡ་ ༡༠ གནང་ཡོདཔ།

སྤྱི་ཟླ་ ༥ པའི་ཚེས་ ༧ ལུ་ མི་དབང་རྒྱལ་ཡུམ་སྐུ་བགྲེས་ ཨ་ཞེ་སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ གསོ་བའི་ལྷན་ཁག་ལུ་ དངུལ་ཀྲམ་ས་ཡ་ ༡༠ ཞལ་འདེབས་སྦེ་ གནང་ཡོདཔ་ད་ མ་དངུལ་དེ་ གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་ ཞུ་ཡོདཔ་ཨིན་པས།
མ་དངུལ་དེ་ཡང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ གཤག་བཅོས་ཚབས་ཆེན་ མཐའ་སྐྱོང་ལྟེ་བའི་དོན་ལས་ འོས་འབབ་ཅན་དང་ སྤུས་ཚད་ཅན་གྱི་ ཅ་ཆས་ཚུ་ མཁོ་སྒྲུབ་འབད་ནི་ལུ་ ལག་ལེན་འཐབ་ནི་ཨིན་པས།
ཉལ་ཁྲི་ ༡༢ འབད་མི་ གཤག་བཅོས་ཚབས་ཆེན་ མཐའ་སྐྱོང་ལྟེ་བ་དེ་ ད་རེས་ཀྱི་ སྐྱེས་གནས་དང་ ཨ་ལོ་དང་ མོ་ནད་ མཐའ་སྐྱོང་ལས་ཁུངས་ ༢ རྒྱལ་བཙུན་རྗེ་པདྨ་ ཨམ་སྲུ་དང་ ཨ་ལོའི་སྨན་ཁང་ནང་ སྤོ་བཤུད་འབད་བའི་ཤུལ་ལུ་ གཞི་བཙུགས་འབད་ནི་ཨིན་པས།
ད་རེས་ ན་ལོན་གྱི་དོན་ལུ་ ཚབས་ཆེན་མཐའ་སྐྱོང་ལྟེ་བའི་ནང་ ཉལ་ཁྲི་ ༡༠ དང་ གཤམ་བཅོས་ཚབས་ཆེན་ མཐའ་སྐྱོང་ལྟེ་བའི་ནང་ ཉལ་ཁྲི་ ༨ ལས་ མེདཔ་ཨིན་པས།
ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ དམིགས་བསལ་དང་ གཤམ་བཅོས་ཀྱི་ ཞབས་ཏོག་ཚུ་ རྒྱ་སྐྱེད་འབད་བའི་ཤུལ་ལས་ གཞི་རྙོག་ཅན་གྱི་ ནད་པའི་མཐའ་སྐྱོང་ མང་སུ་སྦེ་ སྨན་བཅོས་འབད་དོ་ཡོདཔ་ལས་ ཚབས་ཆེན་མཐའ་སྐྱོང་གི་དོན་ལུ་ དགོས་མཁོ་དེ་ ཡར་སེང་ཅན་སྦེ་ར་ འཐོན་དོ་ཡོདཔ་ཨིན་པས།
དེ་འབདཝ་ལས་ གཤག་བཅོས་ཚབས་ཆེན་ མཐའ་སྐྱོང་ལྟེ་བ་གསརཔ་དེ་གིས་ ཚབས་ཆེན་མཐའ་སྐྱོང་དགོཔ་ཡོད་མི་ཚུ་ལུ་ ཞབས་ཏོག་སྤྲོད་ནི་དེ་ ཡར་དྲག་གཏང་ཚུགས་ནི་གི་ རེ་བ་ཡོདཔ་ད་ ཚབས་ཆེན་མཐའ་སྐྱོང་ལྟེ་བ་དེ་ཡང་ བྱ་སྟབས་བདེ་ཐབས་ལུ་ གཤག་བཅོས་ཁང་གི་ སྦོ་ལོགས་ཁར་ གཞི་བཙུགས་འབད་ནི་ཨིན་པའི་གནས་ཚུལ།

Please follow and like us: