
གནམ་ལོ་ཤིང་ཕོ་འབྲུག་ལོ་ཟླཝ་ ༤ པའི་ཚེས་ ༡ སྤྱི་ཟླ་ ༥ པའི་ ༩ ལུ་ སྤུངས་ཐིམ་གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ དབུ་གཙོས་པའི་ འཕགས་པའི་དགེ་འདུན་པ་ཚུ་ ནང་རྟེན་བྱིན་ཅན་དང་བཅསཔ་སྦེ་ ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་ནང་ གསོལ་ཐབ་ཕེབས་གནང་ཡི།
དེ་བསྒང་ མི་རྗེ་བློན་ཆེན་གྱིས་གཙོས་པའི་ བློན་པོ་ལྷན་རྒྱས་ཚུ་དང་ ཆེ་བསྟོད་ཅན་གྱི་ འཐུས་མི་ཚུ་གིས་ ཕེབས་བསུ་ཞུ་ཡོདཔ་མ་ཚད་ བྱོན་ལམ་བདའ་སྟེ་ཡང་ དད་ཅན་མི་སེར་ ཁྲི་ཕྲག་ལས་བཅད་དེ་ ཕྱག་དབང་ཞུ་བར་ བཅར་ཡོདཔ་ཨིན་པས།
དེ་ཡང་ རང་ཟླ་ ༣ པའི་ཚེས་ ༣༠ སྤྱི་ཟླ་ ༥ པའི་ཚེས་ ༨ ལུ་ དགུན་གྱི་བཞུགས་གནས་ སྤུངས་ཐང་བདེ་བ་ཆེན་པའི་ཕོ་བྲང་ནང་ལས་བྱོན་ཏེ་ དེ་ཚེ་ཕྱི་རོ་ གུང་ཞག་དེ་ སེམས་རྟོགས་ཁ་ གསང་ཟབ་ཆོས་རྫོང་ནང་བཞུགས་ནུག།
དེ་བཟུམ་མའི་ གསོལ་ཐབ་ཕེབས་ནི་གི་ སྲོལ་འཁྱུན་བཟང་པོ་དེ་ ཧེ་མར་ དུས་རབས་ ༡༧ པའི་ནང་ ཞབས་དྲུང་རིན་པོ་ཆེ་མཆོག་གིས་ སྲོལ་གཏོད་གནང་ཡོདཔ་ཨིན་པས།
སྤུངས་ཐིམ་དགེ་འདུན་གྲྭ་ཚང་དེ་ རང་ཟླ་ ༤ པའི་ཚེས་ ༡ ལས་ རང་ཟླ་ ༩ པའི་ཚེས་ ༣༠ ཚུན་ ཟླ་ངོ་ ༦ གི་རིང་ལུ་ ཐིམ་ཕུ་བཀྲིས་ཆོས་རྫོང་ནང་ བཞུགས་དོ་ཡོདཔ་ད་ རང་ཟླ་ ༩ པའི་ཚེས་ ༣༠ ལས་ ལོག་སྟེ་ར་ དགུན་གྱི་བཞུགས་གནས་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་ གསོལ་ཐབ་ཕེབས་སྲོལ་ཡོདཔ་ཨིན་པའི་གནས་ཚུལ།





Users Today : 3297
Users Yesterday : 3253
This Month : 80809
This Year : 376775
Total Users : 1088591
Views Today : 7789
Total views : 3054252
Who's Online : 12