སྤ་རོ་ས་མཚམས་མཆོད་རྟེན་ལུ་ གཉའ་ལུགས་རྡོ་རྗེ་ཕུར་པའི་སྒྲུབ་ཆེན།

སྤ་རོ་ཐེག་ཆོག་ཆོས་ཀྱི་དགའ་ཚལ་ལུ་ གཉའ་ལུགས་རྡོ་རྗེ་ཕུར་པའི་ ལོ་བསྟར་སྒྲུབ་ཆེན་ ཉིན་གྲངས་ ༡༠ གྱི་རིང་ལུ་གནང་མི་དེ་ སྤྱི་ཟླ་ ༥ པའི་ཚེས་ ༡༡ གི་དྲོ་པར་ དངོས་གྲུབ་བླངས་བ་དང་བཅསཔ་སྦེ་ ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་གིས་ མི་དམངས་ལུ་ བཀའ་དབང་གནང་ཐོག་ལས་ གྲོལ་གནང་ཡོདཔ་ཨིན་པས།
སྒྲུབ་ཆེན་དེ་ཡང་ སྤྱི་ཟླ་ ༥ པའི་ཚེས་ ༢ ལས་ ཨ་འཛོམས་རྒྱལ་སྲས་རིན་པོ་ཆེ་དང་ སྤྲུལ་སྐུ་རྡོ་རྗེ་ཉི་མ་མཆོག་ དབུ་བཞུགས་ཐོག་ལུ་ མཁན་ སློབ་ཚུ་གིས་གཙོས་པའི་ དགེ་སློང་དང་ ཨ་ནེམོ་ཞལ་གྲངས་ ༡༠༠ ལྷགཔ་ཅིག་གིས་གནང་ནུག།
གཞོན་ནུ་རྡོ་རྗེ་ཕུར་པའི་ སྒྲུབ་ཆེན་དེ་ སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ འཇིགས་མེད་རབ་གསལ་ཟླ་བའི་དགོངས་གཏེར་ རྙིང་མའི་ཆོས་སྐོར་ མདོ་སྒྱུ་སེམས་ ༣ ཡོད་པའི་ནང་ལས་ སྒྲུབ་པ་བཀའ་བརྒྱད་ཀྱི་ཡ་གྱལ་ འཕྲིན་ལས་རྡོ་རྗེ་ཕུར་པའི་ བཀའ་ཆེན་པོའི་བྱེ་བྲག་ པཎ་ཆེན་བི་མ་ལ་མི་ཏྲའི་ ཕུར་པ་ཕུན་སུམ་ཚོགས་པ་དང་ ཕུར་པ་གཤམ་སྔོན་ཅན་གྱི་ དགོངས་པ་འདི་ཚུ་ གཉགས་ཇཉཱ་ན་ཀུ་མ་ར་ལུ་ གནང་མི་དང་ ཨྱོན་པདྨ་འབྱུང་གནས་ཀྱི་ བཀའ་སྲོལ་ཡང་ མཉམ་གཅིག་སྦེ་ བཞུགས་ཏེ་ཡོདཔ་ཨིན་པས།
དེ་ཡང་ དང་པ་ར་ སློབ་དཔོན་བི་མ་ལ་མི་ཏྲ་གིས་ ལོ་ཙཱ་བ་ གཉགས་ཛཉཱ་ན་ཀུ་མ་ར་ལུ་ སྙན་བརྒྱུད་གསང་བའི་སྒོ་ལས་ སྟོན་གནང་ཞིནམ་ལས་ མཁའ་འགྲོའི་བརྡ་ཡིག་ལུ་བྲིས་ཏེ་ གཏེར་ལུ་སྦ་བཞག་མི་འདི་ གཏེར་སྟོན་ཆེན་པོ་ སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་ གཉགས་ལུགས་ཞི་བ་རྡོར་སེམས་དང་ ཁྲོ་བོ་ཕུར་པའི་དགོངས་གཏེར་ཚུ་ བཀའ་སྲུང་ཡེ་ཤེས་མགོན་པོ་གིས་ དངོས་སུ་སྦེ་ཕུལ་བའི་ ཤོག་དྲིལ་ལས་ སྒྲུབ་གནས་རྡོ་རྗེ་ཨེ་རྫོང་ཚུ་ནང་ གཏན་ལ་ཕབ་པའི་ བཀའ་ཆོས་ཅིག་ཨིནམ་ད་ མཚན་གཞན་ཡང་ སྙན་བརྒྱུད་སྙིང་གི་ གསང་མཛོད་ཟེར་ ཞུཝ་ཨིན་པས།
དེ་བཟུམ་མའི་ སྒྲུབ་ཆེན་གནང་མི་དེ་ཡང་ སྤྱིར་སངས་རྒྱས་ཀྱི་ བསྟན་པ་རིན་པོ་ཆེ་ དར་ཞིང་རྒྱས་ནི་དང་ ནད་མུག་འཁྲུག་རྩོད་ཚུ་ ཞི་ཐབས་ལུ་ཨིན་པའི་ནང་ལས་ ལྷག་པར་དུ་ མི་དབང་མངའ་བདག་རིན་པོ་ཆེ་ ཡབ་མེས་སྲས་ ༣ གྱིས་ དབུ་གཙོས་པའི་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་ལུ་ གནོད་པའི་དགྲ་བོ་ཚུ་ག་ར་ཞི་སྟེ་ རྒྱལ་ཁབ་ནང་ དགའ་སྐྱིད་འབྱུང་ཐབས་ལུ་ཨིན་པའི་གནས་ཚུལ།

Please follow and like us: