པེ་ལིཛ་ཊིན་གྱི་ ཁྲོམ་ཚོགས་ག་ཟའི་དོན་ལས་ གྲོགས་རམ་སྐྱེལ་འདྲེན་འབད་ནི་ལུ་གནོད་སྐྱོན།

རོའི་ཊརཛ།
ཨིཛ་རེལ་གྱིས་ རཱ་ཕ་འཐོན་འཛུལ་སྒོ་ར་དེ་ ཧ་མཱཛ་དང་ ཕྱད་མདའ་རྐྱབ་མི་དང་འབྲེལ་ཏེ་ བཀག་དམ་འབད་ཡོད་རུང་ ཁྲོམ་ཚོགས་ག་ཟ་ལུ་ཡོད་མི་ སྐྱབས་བཅོལ་བ་ཚུ་ལུ་ གྲོགས་རམ་སྐྱེལ་འདྲེན་གྱི་དོན་ལས་ སྒོ་ར་སྒོ་ཕྱེ་ནི་དེ་ ཨི་ཇིབ་ཀྱི་ ལག་པར་ཨིན་ཟེར་ བཤདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་ ༥ པའི་ཚེས་ ༧ ལུ་ ཨིཛ་རེལ་གྱིས་ ས་གནས་རཱ་ཕའི་མཐའ་སྐོར་ལུ་ དྲག་དམག་གི་ལཱ་ཚུ་ ཡར་སེང་ཅན་སྦེ་ ལག་ལེན་འགོ་བཙུགསཔ་ལས་ཚུར་ གྲོགས་རམ་ཚུ་ ཨི་ཇིབ་ཁ་ཐུག་གི་ ས་མཚམས་ཁར་ སྤུངས་ཡོད་ནི་དེ་གིས་ཨིན་པས།.
ཨིཛ་རེལ་གྱི་ ཕྱི་འབྲེལ་བློན་པོ་གིས་ ས་གནས་ག་ཟའི་དོན་ལུ་ འགྲོ་བ་མིའི་དཀའ་ངལ་ བཀག་ཆ་འབད་ནི་གི་ ལྡེ་མིག་དེ་ ད་རེས་ ང་བཅས་རའི་ ཆ་རོགས་རྒྱལ་ཁབ་ ཨི་ཇིབ་ཀྱི་ ལག་པར་ཨིན་ཟེར་བཤད་ནུག།
དེ་གི་ལན་ལུ་ ཨི་ཇིབ་ཀྱི་ ཕྱི་འབྲེལ་བློན་པོ་གིས་ ཨིཛ་རེལ་གྱིས་ རཱ་ཕ་ལུ་ དམག་རྐྱབ་པ་ལུ་བརྟེན་ཏེ་ ག་ཟ་ལུ་ འགྲོ་བ་མིའི་གྲོགས་རམ་ཚུ་ བཀག་ཆ་འབད་དེ་ཡོདཔ་ལས་ ཨིཛ་རེལ་གྱིས་ར་ འགན་ཁུར་འབག་དགོཔ་སྦེ་ བཤད་པའི་ཁར་ ག་ཟ་ཁྲོམ་ཚོགས་ལུ་ སྔོན་ཆད་མ་བྱུང་པའི་ འགྲོ་བ་མིའི་དཀའ་ངལ་ཐོན་མིའི་སྐོར་ལས་ ཨིཛ་རེལ་གྱིས་ འགན་འཁྲི་སྤོ་བཤུད་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་དོ་ཡོད་པའི་ ཁ་ཉེས་ཡང་ བཀལ་ཡོདཔ་ཨིན་པས།
ཨི་ཇིབ་ཀྱི་ ཁ་ཐུག་ལས་ སྤྱི་ཟླ་ ༥ པའི་ཚེས་ ༧ ལུ་ ཨིཛ་རེལ་གྱིས་ རཱ་ཕ་ལུ་ དམག་འཁྲུག་འགོ་མ་བཙུགས་ཚུན་ བརྒྱུད་ལམ་ཚུ་ བཀག་ཆ་འབད་དེ་ མེད་ལུགས་ཚུ་ཡང་བཤད་ནུག།
ད་ཚུན་གྱི་རིང་ལུ་ ཨིཛ༌རེལ་དང་ ཧ་མཱཛ་གི་ དམག་འཁྲུག་ནང་ པེ་ལིཛ་ཊིན་གྱི་ མི་ཁུངས་ ༣༥,༠༠༠ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: