
འཕྲལ་ཁམས་ཅིག་ཁར་ ཨཱཛ་ཊེ་ལི་ཡ་གཞུང་གིས་ རྒྱལ་སྤྱིའི་སློབ་ཕྲུག་ སྐྱོད་ཐམ་གྱི་དོན་ལས་ ཞུ་ཡིག་བཙུགས་མི་ཚུ་ལུ་ དངུལ་ཁང་ནང་ གསོག་འཇོག་མ་དངུལ་ ཉུང་མཐའ་ར་ ཨཱཛ་ཊེ་ལི་ཡའི་ ཌོ་ལར་ ༢༩,༧༡༠ དགོ་པའི་སྐོར་ལས་ གསལ་བསྒྲགས་འབད་ནུག།
ལམ་ལུགས་དེ་ཡང་ སྤྱི་ཟླ་ ༥ པའི་ཚེས་ ༡༠ ལས་ ལག་ལེན་འཐབ་ནི་ འགོ་བཙུགས་ཡོདཔ་མ་ཚད་ ཨཱཛ་ཊེ་ལི་ཡ་ལུ་ མཐོ་རིམ་སློབ་གྲྭ་ མང་ཤོས་ཅིག་གིས་ གཡོ་སྒྱུའི་སྒོ་ལས་ སློབ་ཕྲུག་ཚུ་ གསར་བཙུགས་འབད་མི་ལུ་ཡང་ ཉེན་བརྡ་འབད་ཡོདཔ་ཨིན་པས།
ཨཱཛ་ཊེ་ལི་ཡ་གཞུང་གིས་ དེ་བཟུམ་མའི་ མ་དངུལ་གསོག་འཇོག་ ཡར་སེང་འབད་མི་དེ་ ཟླ་ངོ་ ༧ གྱི་ ནང་འཁོད་ལུ་ར་ ལན་ཐེངས་ ༢ པ་ཨིནམ་ད་ ན་ཧིང་ སྤྱི་ཟླ་ ༡༠ པའི་ནང་ ཨཱཛ་ཊེ་ལི་ཡའི་ ཌོ་ལར་ ༢༡,༠༤༡ ལས་ ༢༤.༥༠༥ ལུ་ ཡར་སེང་འབད་ནུག།
དེ་མ་ཚད་ སྤྱི་ཟླ་ ༣ པའི་ནང་ སློབ་ཕྲུག་ཚུ་གི་ སྐྱོད་ཐམ་གྱི་དོན་ལས་ ཨིང་སྐད་འབྲི་ལྷག་ཤེས་ཡོན་གྱི་ ཆོས་རྒྱུགས་སྐུགས་ཚད་དེ་ཡང་ ཡར་སེང་འབད་བའི་ཁར་ ཤེས་ཡོན་སྦྱངས་ཚར་བའི་ཤུལ་ལུ་ ཨཱཛ་ཊེ་ལི་ཡའི་ རྒྱལ་ཁབ་ནང་ སྡོད་ནི་གི་ སྒྲིག་གཞི་དེ་ཡང་ ཆ་མེད་བཏང་ཡོདཔ་ཨིན་པས།
དེ་ལས་ ཤེས་རིག་སྡེ་ཚན་ནང་འཁོད་ལུ་ ཁྲིམས་འགལ་ཐོག་ལས་ ཤེས་ཡོན་གྱི་ རྒྱབ་སྐྱོར་བྱིན་མི་ ༣༤ ལུ་ཡང་ ཉེན་བརྡའི་ཡི་གུ་ བྱིན་ཐོག་ལས་ དང་ལེན་ཡང་འབད་ནུག།
ཨཱཛ་ཊེ་ལི་ཡའི་ ནང་སྲིད་བློན་པོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཤེས་ཡོན་རྒྱབ་སྐྱོར་པ་ཚུ་གི་ བྱ་སྤྱོད་ལེགས་བཅོས་འབད་ནིའི་དོན་ལས་ ཟླཝ་ ༦ གི་ གོ་སྐབས་བྱིན་མི་དེ་ལུ་ དང་ལེན་འབད་མ་ཚུགས་པ་ཅིན་ ཤེས་ཚད་ལག་ཁྱེར་གྱི་ གྲུབ་འབྲས་ཆ་མེད་དང་ རྒྱལ་སྤྱིའི་སློབ་ཕྲུག་ཚུ་ འཛུལ་ཞུགས་འབད་ནི་ལས་ བཀག་དམ་འབད་བའི་ཁར་ ལོ་ངོ་ ༢ ཀྱི་རིང་ལུ་ ཁྲིམས་འགལ་འབད་བའི་ བཙོན་ཁྲིམས་ཡང་ ཕོག་ཟེར་ཨིན་པས།
ནད་ཡམས་ཀོ་ཝིཌ་དེ་ ཞི་བའི་ཤུལ་ལས་ ཨཱཛ་ཊེ་ལི་ཡའི་ རྒྱལ་ཁབ་ནང་ རྒྱལ་སྤྱིའི་སློབ་ཕྲུག་ ཡར་སེང་སྦོམ་སྦེ་ར་ སོང་ཡོདཔ་ལས་ ཨཱཛ་ཊེ་ལི་ཡའི་གཞུང་ལུ་ དཀའ་ངལ་འབྱུང་བཞིན་དུ་ཡོདཔ་མ་ཚད་ ཁང་གླ་ཚུ་ཡང་ ཡར་སེང་སོང་ཡོདཔ་ད་ དེ་ཡང་ ན་ཧིང་ སྤྱི་ཟླ་ ༩ པའི་ཚེས་ ༣༠ ཚུན་ལུ་ རྒྱལ་སྤྱིའི་སློབ་ཕྲུག་ ༥༤༨,༨༠༠ དེ་ཅིག་ ལྷོད་ཡོདཔ་སྦེ་ སྙན་ཞུའི་ནང་བཀོད་ནུག།
དེ་འབདཝ་ལས་ ཨཱཛ་ཊེ་ལི་ཡ་གཞུང་གིས་ ད་ལས་ཕར་ མ་འོངས་ལོ་ངོ་ ༢ ཀྱི་ ནང་འཁོད་ལུ་ ཕྱི་མི་ནང་སྐྱོད་འབད་མི་དེ་ ཕྱེད་ཀ་དེ་ཅིག་ར་ མར་ཕབ་འབད་ནི་གི་ འཆར་གཞི་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ འདས་པའི་ལོ་ཚུ་ནང་ འབྲུག་པའི་སློབ་ཕྲུག་ཚུ་ ཨཱཛ་ཊེ་ལི་ཡར་འགྱོ་མི་ ཡར་སེང་སོང་ཡོད་མིའི་གྲས་ལས་ པཱརཐ་མངའ་སྡེ་རྐྱངམ་གཅིག་ལུ་ར་ འབྲུག་པའི་སློབ་ཕྲུག་ ༧,༢༣༨ དེ་ཅིག་ཡོདཔ་རས་ འབྲུག་པའི་སློབ་ཕྲུག་ཚུ་གིས་ ཕྱི་མི་ནང་སྐྱོད་ཀྱི་ སྒྲིག་གཞི་བསྒྱུར་བཅོས་ཀྱི་སྐོར་ལས་ བརྡ་དོན་ཚུ་ དུས་དང་དུས་སུ་ འཐོབ་དགོཔ་དེ་ གལ་ཅན་ཅིག་ འོང་ནི་ཨིན་པས།
སྐྱོད་ཐམ་བྱ་སྒོའི་ནང་ ངོ་རྐྱང་ཚུ་ལུ་ ལམ་སྟོན་བྱིན་མི་ མཁས་མཆོག་གིས་ སྒྲིག་གཞི་དེ་ཚུ་ མ་འོངས་པའི་ ཟླཝ་ཚུ་ནང་ བསྒྱུར་བཅོས་འགྱོ་ནི་བཟུམ་ཅིག་ཡོད་རུང་ གཞུང་གི་ཁ་ཐུག་ལས་ ཕྱི་མི་ནང་སྐྱོད་གྱི་ གྱངས་ཁ་དེ་ ནད་ཡམས་མ་ཐོན་པའི་ སྔ་གོང་གི་ ཚད་གཞི་གུ་ མར་ཕབ་འབད་ནི་གི་ ཁས་བླངས་དང་ རིམ་སྒྲིག་འབད་ནུག་ཟེར་ཨིན་པས།
ག་དེ་སྦེ་ར་ཨིན་རུང་ བསྒྱུར་བཅོས་འབད་བཞིན་དུ་ཡོད་མི་ ཨཱཛ་ཊེ་ལི་ཡ་གཞུང་གི་ སྒྲིག་གཞི་ཚུ་ དུས་དང་དུས་སུ་ ལེགས་ཤོམ་སྦེ་ ཧ་གོ་དགོཔ་དེ་ གལ་ཅན་ཅིག་ འོང་ནི་ཨིན་པས་ཟེར་ རྒྱལ་སྤྱིའི་གནས་ཚུལ་ཚུ་ནང་ བཀོད་འདུག་པའི་གནས་ཚུལ།






Users Today : 450
Users Yesterday : 3533
This Month : 83538
This Year : 520531
Total Users : 1232347
Views Today : 580
Total views : 3287809
Who's Online : 11