
སྤྱི་ཟླ་ ༥ པའི་ཚེས་ ༢༠ ལུ་ རྒྱ་གར་ནིའུ་དིལླི་ལུ་སྦེ་ རྒྱ་པཱན་ལུ་ འབྲུག་གི་གཞུང་ཚབ་ ཝི་རྣམ་རྒྱལ་དང་ འབྲུག་ལུ་ རྒྱ་པཱན་གཞུང་ཚབ་ སུ་ཟུ་ཀི་༌ཧི་རོ་ཤི་ ༢ ཀྱིས་ མོང་སྒར་ལུ་ ཟམ་བསྐྱར་བསྐྲུན་དང་ མི་སྟོབས་གོང་འཕེལ་གྱི་ ལས་འགུལ་ཁག་ ༢ ཀྱི་དོན་ལས་ གཞུང་འབྲེལ་ཡིག་ཆ་གུ་ མཚན་རྟགས་བཀོད་པའི༌ཤུལ༌ལུ༌ ཕན༌ཚུན༌བརྗེ༌སོར༌འབད༌ནུག།
རྒྱལ་ཡོངས་གཞི་རིམ་གཞུང་ལམ་ ཨང་ ༡ པ་བདའ་སྟེ་ ཟམ་བསྐྱར་བསྐྲུན་ལས་འགུལ་འོག་ལུ་ རྒྱལ་ཡོངས་གཞུང་ལམ་ཁར་ ཟམ་ ༢ བཟོ་བསྐྲུན་གྱི་དོན་ལས་ རྒྱ་པཱན་གཞུང་གིས་ མ་དངུལ་ཡེན་ས་ཡ་ ༡,༦༣༤ གནང་སྦྱིན་སྦེ་ བྱིན་ནི་ཨིནམ་ད་ ཟམ་ ༢ པོ་ཡང་ མོང་སྒར་གྱི་ས་གནས་ ནམ་གླིང་དང་ དུར་བདག་རི་ལུ་ བཟོ་བསྐྲུན་འབད་ནི་ཨིན་པས།
མི་སྟོབས་གོང་འཕེལ་གྱི་ སློབ་རིམ་གྲོགས་རམ་ལས་འགུལ་འོག་ལུ་ རྒྱ་པཱན་གྱི་ གཙུག་ལག་སློབ་སྡེ་ཚུ་ནང་ མཐོ་རིམ་གོང་མའི་ཤེས་ཡོན་གྱི་དོན་ལས་ མི་གྲངས་ ༩ དང་ མཁས་དབང་ཤེས་ཡོན་གྱི་དོན་ལས་ མི་གྲངས་ ༡ བཅས་ལུ་ རྒྱ་པཱན་གཞུང་གིས་ ཡེན་ས་ཡ་ ༢༠༤ གནང་སྦྱིན་སྦེ་ བྱིན་ནི་ཨིན་པས།
ལས་འགུལ་དེ་ཡང་ མི་སྟོབས་གོང་འཕེལ་གྱི་ སློབ་གཉེར་གྲོགས་རམ་འོག་ལུ་ མཐོ་རིམ་གོང་མའི་ཤེས་ཡོན་གྱི་ སློབ་ཕྲུག་ ༣༦ དང་ མཁས་དབང་ཤེས་ཡོན་གྱི་ སློབ་ཕྲུག་ ༤ ལུ་ རྒྱབ་སྐྱོར་འབད་མིའི་གྲས་ལས་ ད་རེས་ གཞུང་འབྲེལ་ཡིག་ཆ་གུ་ མཚན་རྟགས་བཀོད་མི་དེ་ ལས་འགུལ་གོ་རིམ་ ༢ པ་ཨིནམ་ད་ རྒྱ་པཱན་ལུ་ ཤེས་ཡོན་ལྷབ་སྦྱང་གི་ དུས་ཡུན་དེ་ཡང་ ལོ་ངོ་ ༤ རེའི་རྩིས་ཨིན་པས།
དེ༌སྦེ༌ མཚན་རྟགས་བཀོད་པའི་སྐབས་ལུ་ འབྲུག་གི་གཞུང་ཚབ་ ཝི་རྣམ་རྒྱལ་གྱིས་ རྒྱ་པཱན་གཞུང་གིས་ གཏོང་ཕོད་ཅན་གྱི་ གནང་སྦྱིན་བྱིན་མི་ལུ་ ཧིང་ལས་ར་ བཀའ་དྲིན་ཆེ་ལུགས་ཚུ་ བཤད་ཡོདཔ༌མ༌ཚད༌ འབྲུག་ལུ་ ནད་ཡམས་ཀྱི་ཤུལ་ལས་ དཔལ་འབྱོར་བསྐྱར་གསོའི་དོན་ལུ་ ཤེས་རིག་དང་ སོ་ནམ་ བརྒྱུད་འབྲེལ་ གྲོང་གཡུས་གློག་མེ་ ཟམ་བཟོ་བསྐྲུན་ སློབ་གྲྭ་བཟོ་བསྐྲུན་ སོ་ནམ་འཕྲུལ་ཆས་ མེ་བསད་འཕྲུལ་འཁོར་ འགག་སྡེའི་སྣུམ་འཁོར་ འཁོར་ལམ་ཞིབ་འཕྲུལ་ ནདཔ་སྐྱེལ་འདྲེན་སྣུམ་འཁོར་ སྨན་བཅོས་ལག་ཆ་ལ་སོགས་པའི་སྒོ་ལས་ གྲོགས་རམ་ཚུ་ འཕྲོ་མཐུད་དེ་ར་ བྱིན་མི་དེ་ལུ་ཡང་ རྒྱ་པཱན་གཞུང་དང་ མི་སེར་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ༌ཡང༌ བཤད་ཡོདཔ༌ཨིན༌པས།
ད་ཚུན་ རྒྱ་པཱན་གཞུང་གིས་ རྒྱབ་སྐྱོར་འབད་དེ་ཡོད་མི་ ལས་འགུལ་ཚུ་བཟུམ་སྦེ་ ད་རེས་ མཚན་རྟགས་བཀོད་མི་ ལས་འགུལ་གྱིས་ཡང་ རྒྱལ་ཁབ་ ༢ ཀྱི་བར་ན་ མཐུན་ལམ་དང་ གོ་རྟོགས་ དེ་ལས་ མཉམ་འབྲེལ་ཚུ་ ཧེ་མ་བ་ལྷགཔ་སྦེ་ བཙན་ཐབས་འབྱུང་ནི་ཨིན་པའི༌གནས་ཚུལ།





Users Today : 1131
Users Yesterday : 1152
This Month : 52007
This Year : 280848
Total Users : 992664
Views Today : 5595
Total views : 2889377
Who's Online : 11