
སྤྱི་ཟླ་ ༦ པའི་ཚེས་ ༩ ལུ་ འབྲུག་གི་སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ ཚོགས་ཐེངས་དང་པ་ འཚོགས་གནང་ནི་ཨིནམ་བཞིན་དུ་ སྤྱི་ཟླ་ ༥ པའི་ཚེས་ ༢༠ ལུ་ སྔོན་འགྲོའི་ཞལ་འཛོམས་ འཚོགས་ཐོག་ལས་ ཚོགས་འདུ་དེ་ནང་ གསུང་གྲོས་གནང་ནི་གི་ གྲོས་གཞི་ཚུ་ གཏན་འཁེལ་བཟོ་གནང་ནུག།
དེ་ཡང་ རྩིས་ལོ་ ༢༠༢༤-༢༠༢༥ གི་ འཆར་དངུལ་དཔྱ་བགོའི་ དཔྱད་ཡིག་དང་། རྩིས་ལོ་ ༢༠༢༤-༢༠༢༥ གི་ ལྷན་ཐབས་འཆར་དངུལ་ དཔྱ་བགོའི་དཔྱད་ཡིག། ལོ་ལྔའི་འཆར་གཞི་ ༡༣ པའི་སྙན་ཞུ། དེ་ལས་ འབྲུག་གཞུང་དང་ ཀུ་ཝེཊ་གཞུང་གི་བར་ན་ མཁའ་འགྲུལ་ཞབས་ཏོག་གི་ གན་རྒྱ་ ༢༠༢༤ ཅན་མ། འབྲུག་གི་གནས་དབྱུང་གི་ བྱ་རིམ་དཔྱད་ཡིག་ ༢༠༢༤ ཅན་མ། རྒྱལ་ཡོངས་ཚོགས་འདུའི་ (འཕྲི་སྣོན་) དཔྱད་ཡིག་ ༢༠༢༤ ཅན་མ་ཚུ་ལུ་ གསུང་གྲོས་གནང་ནི་ཨིན་པས།
དེ་བསྒང་ མི་རྗེ་བློན་ཆེན་མཆོག་གིས་ སྤྱི་ཚོགས་ལྷན་བཞུགས་ནང་ གཞུང་གི་ཁྲིམས་བཟོ་དང་ ལོ་བསྟར་འཆར་གཞིའི་གུ་ གཞུང་གི་གཙོ་རིམ་དང་བཅས་པའི་ རྒྱལ་ཁབ་ཀྱི་ གནས་སྟངས་སྐོར་ལས་ ལོ་བསྟར་སྙན་ཞུ་ཕུལ་ནི་གི་ ལས་རིམ་ཡང་ཡོད་ཟེར་ རྒྱལ་ཡོངས་ཚོགས་འདུའི་ ཡིག་ཚང་ལས་ གསར་བཏོན་འབད་འབད་མི་ གནས་ཚུལ་ཅིག་ནང་བཀོད་ནུག།
དེ་ལས་ དམངས་རྩིས་ཚོགས་ཆུང་གིས་ སྙན་ཞུ་ཕུལ་ཐོག་ལུ་ ལོ་བསྟར་རྩིས་ཞིབ་སྙན་ཞུའི་ བསྐྱར་ཞིབ་སྙན་ཞུ་ ༢༠༢༢-༢༠༢༣ ཅན་མ་དང་། རྩིས་ཞིབ་ཞིབ་རྟོག་གི་ བསྐྱར་ཞིབ་སྙན་ཞུ་དང་ སྤྱི་ལོ་ ༢༠༡༠ ལས་ ༢༠༢༢ ཚུན་གྱི་ བསྐྱར་ཞིབ་སྙན་ཞུ་ཚུ་ཡང་ ཕུལ་ནི་གི་ ལས་རིམ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ གྲོས་དོན་སྦེ་བཙུགས་མི་ དངུལ་ཕོགས་སྒྲིག་བཀོད་ གཞི་སྒྱུར་བཅའ་ཁྲིམས་ ༢༠༢༢ ཅན་མའི་ དོན་ཚན་ཚུ་ ལག་ལེན་འཐབ་པའི་སྐབས་ལུ་ བྱ་སྟབས་མ་བདེཝ་ཡོད་མི་ཚུ་ མཐུན་འགྲིག་བཟོ་ནི་དང་། བཟོ་རིག་པ་དང་ དངུལ་རྩིས་མཉམ་སྡེབ་ཞབས་ཏོག། ས་གནས་གཞུང་སྐྱོང་ནང་ མི་སྟོབས་མ་ལང་པའི་ གནད་དོན་དང་། ལོ་ཐོག་དང་ སྒོ་ནོར་ཉེན་བཅོལ་གྱི་རིམ་ལུགས། ཆུ་རྐ་འཛིན་སྐྱོང་དང་ ཉམས་སྲུང་ཚུ་གི་སྐོར་ལས་ཡང་ གསུང་གྲོས་གནང་ནི་གི་ ལས་རིམ་ཡོད་ཟེར་བཀོད་ནུག།
རྒྱལ་ཡོངས་ཚོགས་འདུའི་ བྱ་བའི་གནད་སྤྱོད་དང་འཁྲིལ་ཏེ་ རེས་གཟའ་ལྷག་པ་དང་ སྤེན་པ་ ༢ ལུ་ ཨ་རྟག་ར་ དྲི་བཀོད་ཀྱི་ ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་ནི་ཨིན་པས།
སྔོན་འགྲོའི་ཞལ་འཛོམས་ནང་ ས་གནས་གཞུང་ལས་ལྷོད་མི་ ཞུ་ཡིག་དང་ འཐུས་མི་ཚུ་གི་ ཁ་ཐུག་ལས་ཕུལ་མི་ ཞུ་ཡིག་ཚུ་གུ་ གསུང་གྲོས་གནང་པའི་སྐབས་ལུ་ བདག་སྐྱོང་དང་འབྲེལ་བའི་ གནད་དོན་ཚུ་ འབྲེལ་ཡོད་ལྷན་ཁག་ལུ་ ཕུལ་ཞིནམ་ལས་ དང་ལེན་སྙན་ཞུ་ཚུ་ ལོག་སྟེ་ར་ ཚོགས་ཁང་ནང་ ཕུལ་དགོཔ་སྦེ་ ཐུགས་ཐག་བཅད་གནང་པའི་ཁར་ གནད་དོན་གཞན་ཡང་ ལ་ལོ་ཅིག་ འབྲེལ་ཡོད་ཚོགས་ཆུང་ཚུ་གིས་ བསྐྱར་ཞིབ་འབད་དེ་ སྙན་ཞུ་ཕུལ་དགོཔ་དང་ གནད་དོན་གཞན་ཚུ་གི་ཐེད་ཁར་ དྲི་བཀོད་ལས་རིམ་སྐབས་ལུ་ ངག་ཐོག་དང་ ཡིག་ཐོག་གང་རུང་ནང་ བཀོད་རུང་བཏུབ་སྦེ་ མོས་མཐུན་བྱུང་ནུག།
རྒྱལ་ཡོངས་ཚོགས་ཐེངས་དང་པའི་ ཚོད་དཔག་གྲོས་གཞི་འདི་ རྒྱལ་ཡོངས་ཚོགས་འདུའི་ ཡོངས་འབྲེལ་འཆར་སྒོ་ www.nab.gov.bt ནང་ལས་ འཐོབ་ཚུགསཔ་མ་ཚད་ ཚོགས་ཐེངས་དང་པའི་ ཚོགས་བཞུགས་དེ་ཡང་ འབྲུག་རྒྱང་མཐོང་ཐོག་ལུ་ དངོས་མཐོང་སྦེ་ རྒྱང་བསྒྲགས་འབད་ནི་ཨིན་པའི་གུ་ མི་སྡེ་བརྡ་བརྒྱུད་ རྒྱལ་ཡོངས་ཚོགས་འདུའི་ གཞུང་འབྲེལ་ཕེཛ་བུག་དང་ ཡུ་ཊུབ་ཚུ་གི་ནང་ཡང་ གཟིགས་ཚུགས་ནི་ཨིན་པའི་གནས་ཚུལ།






Users Today : 2996
Users Yesterday : 3533
This Month : 86084
This Year : 523077
Total Users : 1234893
Views Today : 4319
Total views : 3291548
Who's Online : 33