རྒྱ་གར་གཞུང་གིས་ འབྲུག་ལུ་ དཔལ་འབྱོར་ལྷན་ཐབས་ཀྱི་དོན་ལས་ མ་དངུལ་ཐེར་འབུམ་ ༢.༥ གི་དངུལ་འཛིན།

སྤྱི་ཟླ་ ༥ པའི་ཚེས་ ༢༢ ལུ་ བཀྲིས་ཆོས་རྫོང་ནང་སྦེ་ འབྲུག་ལུ་ རྒྱ་གར་གཞུང་ཚབ་ སུ་དྷ་ཀར་ ད་ལེ་ལ་གིས་ དཔལ་འབྱོར་ལྷན་ཐབས་ཀྱི་དོན་ལས་ རྒྱ་གར་གཞུང་གིས་ འཛིན་གྲོལ་དང་པ་ དངུལ་ཀྲམ་ཐེར་འབུམ་ ༢.༥ གི་ དངུལ་འཛིན་ཅེག་དེ་ དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་ལུ་ཕུལ་ནུག།

དེ་ཡང་ སྤྱི་ཟླ་ ༥ པི་ཚེས་ ༡༨ ལུ་ མི་རྗེ་བློན་ཆེན་གྱིས་ དངུལ་ཀྲམ་ཐེར་འབུམ་ ༡༥ གི་ དཔལ་འབྱོར་ལྷན་ཐབས་འཆར་གཞིའི་ འགོ་འབྱེད་རྟེན་འབྲེལ་མཛད་ཡོདཔ་ད་ དཔལ་འབྱོར་ལྷན་ཐབས་དེ་ལུ་ རྒྱ་གར་གཞུང་གིས་ རྒྱབ་སྐྱོར་མཛདཔ་ཨིན་པས།

མ་དངུལ་དེ་ རྒྱལ་ཁབ་ནང་ ནད་ཡམས་ཐོན་པའི་ཤུལ་ལས་ དཔལ་འབྱོར་གྱི་ དོ་འགྲན་ཐོན་མི་ཚུ་ བསལ་ཐབས་ལུ་ དཔལ་འབྱོར་གྱི་ ལས་སྡེ་གཙོ་བོ་ཚུ་  བསྐྱར་གསོ་འབད་ནི་དང་ ལཱ་གཡོག་གི་ གོ་སྐབས་བཟོ་ནི་ དེ་ལས་ བདོག་གཏད་དངུལ་སྒྱུར་དང་ ཕྱི་དངུལ་གསོག་འཇོག་གིས་གཙོས་པའི་ སྤྱིར་བཏང་དཔལ་འབྱོར་གྱི་ གནས་སྟངས་ལེགས་སྒྱུར་ཚུ་ནང་ ཟད་འགྲོ་གཏང་ནི་ཨིན་པས།

དངུལ་འཛིན་ཅེག་ རྩིས་སྤྲོད་སྐབས་ལུ་ དངུལ་རྩིས་བློན་པོ་གིས་ འབྲུག་གཞུང་གི་ཁ་ཐུག་ལས་ རྒྱ་གར་གཞུང་ལུ་ འབྲུག་གི་མི་སྡེ་དཔལ་འབྱོར་ གོང་འཕེལ་གྱི་དོན་ལས་ འཕྲོ་མཐུད་ཅན་གྱི་ རྒྱབ་སྐྱོར་གནང་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ཚུ་ གསུངས་ཡོད་པའི་གནས་ཚུལ།

Please follow and like us: