ལོན་ཌཱོན་ལས་ སིངྒ་པོར་ལུ་ ཕུར་འགྲུལ་འབད་མི་ གནམ་གྲུ་ཅིག་ མཁའ་དབྱིངས་གནས་སྟངས་འཚུབ་དྲགས་དང་ ཁ་ཐུག་རྐྱབ་ཡོདཔ།

ཨེ་བི་སི།
སྤྱི་ཟླ་ ༥ པའི་ཚེས་ ༢༡ ལོན་ཌཱོན་ལས་ སིངྒ་པོར་ལུ་ ཕུར་འགྲུལ་འབད་མི་ གནམ་གྲུ་ཅིག་ མཁའ་དབྱིངས་གནས་སྟངས་ འཚུབ་དྲགས་དང་ ཁ་ཐུག་རྐྱབ་པ་ལུ་བརྟེན་ཏེ་ གློ་བུར་དུ་ བེང་ཀོག་གནམ་ཐང་ནང་ ཆགས་དགོཔ་བྱུང་ཡོདཔ་ད་ དེ་བསྒང་ གནམ་གྲུ་དེ་ནང་ འགྲུལ་པ་ ༢༡༡ དང་ གནམ་གྲུའི་ལས་བྱེདཔ་ ༡༨ སྡོད་ཡོདཔ་ཨིན་པས།
དེ་ཡང་ གནམ་གྲུ་དེ་ མཁའ་དབྱིངས་ལུ་ རླུང་མ་སྤར་ནི་མེད་སར་ལྷོདཔ་ད་ གློ་བུར་དུ་ བབས་ཡར་སོངཔ་ལས་ འགྲུལ་པ་ཚུ་ གར་ལྷོད་གཡུག་བཀོག་བའི་སྐབས་ལུ་ སྐྱེས་ལོ་ ༧༣ འབད་མི་ བི་རི་ཊེན་གྱི་ མི་ཁུངས་ཅིག་ དོན་ཧིང་གག་སྟེ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ གནམ་གྲུའི་ལས་བྱེདཔ་ ༡ དང་ འགྲུལ་པ་གཞན་མི་ ༡༨ སྨན་ཁང་ནང་ བསྐྱལ་དགོཔ་བྱུང་མིའི་གྲས་ལས་ འགྲུལ་པ་ ༧ ལུ་ རྨ་སྐྱོན་སྦོམ་སྦེ་ར་ བྱུང་ཡོདཔ་སྦེ་བཀོད་ནུག།
སྐྱེས་ལོ་ ༢༨ འབད་མི་ འགྲུལ་པ་ཛ་ཕཱན་ཨཛ་མིར་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ གནམ་གྲུ་དེ་ ཧེ་མ་ར་ ཁ་གནམ་ཁར་གཡོ་སྟེ་ སྤར་བའི་བར་ན་ ཚར་ཅིག་གུ་ མར་བབས་ཡར་སོངཔ་ལས་ འགྲུལ་པ་ལ་ལོ་ཅིག་གི་ མགུ་ཏོག་བརྡུང་ཡོདཔ་མ་ཚད་ དོས་ཆས་ཚུ་ཡང་ གཏོར་བཏང་ཡི་ཟེར་ཨིན་པས།
རྨ་སྐྱོན་མ་བྱུང་མི་ འགྲུལ་པ་ཚུ་ བེང་ཀོག་སུ་བར་ན་བྷུ་མི་ གནམ་ཐང་ལས་ གནམ་གྲུ་གཞན་ཅིག་ནང་སྦེ་ སིངྒ་པོར་ལུ་ བཏང་ཡོདཔ་ད་ སིངྒ་པོར་གྱི་ སྐྱེལ་འདྲེན་བློན་པོ་ ཅི་ཧོང་ཊེཊ་གིས་ དེ་བཟུམ་མའི་ རྐྱེན་ངན་བྱུང་མི་དེ་ མནོ་མ་ཚུགས་པའི་ གནས་སྟངས་ཅིག་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: