
རོའི་ཊརཛ།
སྤྱི་ཟླ་ ༥ པའི་ཚེས་ ༢༤ ལུ་ ར་ཤི་ཡའི་སྲིད་འཛིན་ ཝཱལ་ཌི་མིར་ པུ་ཊིན་གྱིས་ ད་ལྟོ་ཡོད་མི་ དམག་འཁྲུག་གི་ ས་ཁོངས་ཚུ་ ངོས་འཛིན་གྲུབ་སྟེ་ འགྲིགས་ཆ་བཟོ་བ་ཅིན་ དམག་འཁྲུག་མཚམས་འཇོག་འབད་ནི་ལུ་ གྲ་སྒྲིག་ཡོད་ཟེར་ཨིནམ་ད་ གལ་སྲིད་ ཡུ་ཀེ་རེན་དང་ ནུབ་ཕྱོགས་རྒྱལ་ཁབ་ཚུ་གིས་ ལན་གསལ་མ་འབད་བ་ཅིན་ ཕྱད་མདའ་འཕྲོ་མཐུད་དེ་ར་ རྐྱབ་ནི་ཨིན་པའི་ གསལ་བཤད་འབད་ནུག།
པུ་ཊིན་གྱི་ གསུང་གྲོས་ཚུ་དང་ འབྲེལ་བ་ཡོད་མི་ མི་ངོམ་ ༣ གྱིས་ བཤད་དོ་བཟུམ་འབད་བ་ཅིན་ པུ་ཊིན་གྱི་ཁ་ཐུག་ལས་ ཁོ་ལུ་ བསླབ་བྱ་བྱིན་མི་ སྡེ་ཚན་ཆུང་ཀུ་ཅིག་ཡོད་མི་དེ་ལུ་ ནུབ་ཕྱོགས་རྒྱལ་ཁབ་ཚུ་གིས་ རྒྱབ་སྐྱོར་འབད་དོ་བཟུམ་ཅིག་ཡོདཔ་མ་ཚད་ གྲོས་བསྟུན་ཚུ་ནང་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀིའི་ གྲོས་ཆོད་ཚུ་ལུ་ ཆ་གནས་མངམོ་བཞགཔ་ལས་ པུ་ཊིན་ཐུགས་དོག་ཡོདཔ་སྦེ་ བཤད་ཡོདཔ་ཨིན་པས།
གནད་དོན་དེ་དང་འབྲེལ་ཏེ་ རོའི་ཊརཛ་གིས་ པུ་ཊིན་དང་གཅིག་ཁར་ ལཱ་འབད་མི་ མི་ངོམ་ ༥ དང་གཅིག་ཁར་ འབྲེལ་བ་འཐབ་པའི་སྐབས་ལུ་ ཁོང་གིས་ པུ་ཊིན་གྱིས་ དུས་ཡུན་ག་དེམ་ཅིག་འགོར་རུང་ ཕྱད་མདའ་རྐྱབ་ནི་གི་ བསམ་པ་ཡོདཔ་མ་ཚད་ ཕྱད་མདའ་མཚམས་འཇོག་འབད་ནི་གི་ བསམ་པ་ཡང་འདུག་ཟེར་བཤད་ནུག།
པུ་ཊིན་གྱི་མགྲིན་ཚབ་ ཌི་མི་ཏིར་ པེཛ་ཀོབ་ཀྱིས་འབད་བ་ཅིན་ པུ་ཊིན་གྱི་ཁ་ཐུག་ལས་ མཇུག་བསྡུ་ནི་མེད་པའི་ ཕྱད་མདའ་དེ་ དགོཔ་མེདཔ་ལས་ དམིགས་དོན་ཚུ་འགྲུབ་ནིའི་དོན་ལས་ གྲོས་བསྟུན་འབད་ནི་ལུ་ གྲ་སྒྲིག་ཡོད་ཟེར་ཨིན་རུང་ ཡུ་ཀེ་རེན་གྱི་ ཕྱི་འབྲེལ་དང་ སྲུང་སྐྱོབ་བློན་པོ་ ༢ ཀྱིས་ གནད་དོན་དེ་གི་སྐོར་ལས་ ག་ནི་ཡང་ བཤད་མ་བཏུབ་ཨིན་པས།
ནུབ་ཕྱོགས་ཀྱི་ དྲག་པོའི་དམག་སྡེ་དང་ སྲིད་དོན་བརྟག་དཔྱདཔ་ཚུ་གིས་ འདས་པའི་བདུན་ཕྲག་ནང་ ར་ཤི་ཡའི་ སྲུང་སྐྱོབ་བློན་པོ་གསརཔ་སྦེ་ ཨེན་ཌེ་རེ་ བེ་ལུ་སོབ་ བསྐོ་བཞག་འབད་་མི་དེ་ཡང་ ཡུན་རིང་གི་བར་ན་རྐྱབ་མི་ ཕྱད་མདའ་ལས་ རྒྱལ་ཁ་ཐོབ་ཐབས་ལུ་ཨིནམ་སྦེ་བཤད་ནུག།
འཕྲལ་ཁམས་ཀྱི་ བདུན་ཕྲག་ཚུ་ནང་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ ས་ཁོངས་ཚུ་ནང་ ཨེབ་ཤུགས་ཀྱི་སྒོ་ལས་ བཙན་འཛུལ་འབད་ཡོདཔ་ད་ ལ་ལོ་ཅིག་གིས་འབད་བ་ཅིན་ མདང་ཞག་ སྤྱི་ཟླ་ ༣ པའི་ནང་ པུ་ཊིན་དེ་ སྲིད་འཛིན་གྱི་ གནས་ཡུན་ཐེངས་ ༦ པའི་དོན་ལུ་ བཙག་འཐུ་གྲུབ་ཞིནམ་ལས་ ཕྱད་མདའ་དེ་ རྒྱབ་ཁར་བསྐྱུར་བཞག་ནི་གི་ བསམ་འཆར་ཡོདཔ་བཟུམ་ཅིག་ ཚོར་ཡི་ཟེར་ཨིན་པས།
ག་དེ་སྦེ་ར་ཨིན་རུང་ ད་ཚུན་གྱི་ ཕྱད་མདའི་སྐོར་ལས་ གྲོས་གླེང་ཚུ་དང་འཁྲིལཝ་ད་ ཕྱད་མདའ་དེ་ལུ་བརྟེན་ཏེ་ ཕྱོགས་གཉིས་ཆ་རའི་ནང་ ཚེ་སྲོག་ལེ་ཤ་ཅིག་ བརླག་སྟོར་ཤོར་ཡོདཔ་ལས་ ནུབ་ཕྱོགས་རྒྱལ་ཁབ་ཚུ་གིས་ ར་ཤི་ཡའི་ རྒྱབ་འགལ་ལུ་ བཀག་ཆ་འབད་མི་ཚུ་གིས་ ར་ཤི་ཡའི་ དཔལ་འབྱོར་ལུ་ གནོད་པ་བྱུང་ཡོད་པའི་ ལོ་རྒྱུས་ཚུ་ཡང་བཤད་ནུག།
ཨིན་རུང་ ཕྱད་མདའ་མཚམས་འཇོག་དང་ ཡང་ཅིན་ ཞི་བདེའི་དོན་ལུ་ གསུང་གྲོས་གནང་ནི་དེ་ འཕྲལ་མགྱོགས་ར་ གནང་ཚུགས་ནི་བཟུམ་ཅིག་མིན་འདུག་ཟེར་ བཀོད་འདུག་པའི་གནས་ཚུལ།.




Users Today : 1633
Users Yesterday : 2073
This Month : 3706
This Year : 183609
Total Users : 895425
Views Today : 3343
Total views : 2630167
Who's Online : 7