ཨིཛ་རེལ་དང་ ཧ་མཱཛ་གི་ དམག་འཁྲུག་ནང་ པེ་ལིཛ་ཊིན་གྱི་ སྐྱབས་བཅོལ་བའི་ སྡོད་སྒར་ལུ་ མི་གྲངས་ ༡༥ དམར་བསད།

ཨཱལ་ཇ་ཟི་ར།
སྤྱི་ཟླ་ ༦ པའི་ཚེས་ ༤ ལུ་ པེ་ལིཛ་ཊིན་གྱི་ གསོ་བའི་ལས་བྱེདཔ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ ས་ཐོག་དང་མཁའ་ཐོག་གཉིས་ཆ་རའི་སྒོ་ལས་ པེ་ལིཛ་ཊིན་གྱི་ ས་གནས་ག་ཟའི་ དབུས་ཕྱོགས་ལུ་ཡོད་མི་ སྐྱབས་བཅོལ་བའི་ སྡོད་སྒར་ཚུ་གུ་ གནོད་འཚུབ་བཀལ་ཏེ་ མི་གྲངས་ ༡༥ དམར་བསད་འབད་བའི་ཁར་ ལེ་ཤ་ཅིག་ལུ་ཡང་ རྨ་སྐྱོན་ཚུ་ བྱུང་ནུག་ཟེར་ཨིན་པས།
གལ་སྲིད་ དེ་བཟུམ་མའི་ དམག་འཁྲུག་དེ་ མཚམས་འཇོག་མ་འབད་བ་ཅིན་ ད་རུང་ཡང་ མི་ལེ་ཤ་ཅིག་ དམར་བསད་འབད་ནི་གི་ ཉེན་ཁ་ཡོདཔ་སྦེ་ བཤད་ཡོདཔ་མ་ཚད་ ད་རེས་ དམག་འཁྲུག་དེ་ནང་ རྨ་སྐྱོན་བྱུང་མི་ཚུ་རྩིས་ཏེ་ ག་ཟ་ལུ་ཡོད་མི་ མི་རློབས་ས་ཡ་ ༡ ལྷགཔ་ཅིག་ལུ་ སྨན་བཅོས་ཀྱི་ ཞབས་ཏོག་བྱིན་མི་ ཨཱལ་ཨག་ས་མར་ཏིར་ཟེར་མི་ སྨན་ཁང་ཕུད་རྡོག་གཅིག་ལས་ མེདཔ་ཨིན་པས།
དེ་བཟུམ་སྦེ་ ག་ཟ་སྐྱབས་བཅོལ་བའི་ སྡོད་སྒར་གྱི་ ཉེ་འདབས་ལུ་ཡོད་མི་ མ་ག་ཟི་ཟེར་མི་ སྐྱབས་བཅོལ་བའི་ སྡོད་སྒར་ནང་ཡང་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ གནོད་འཚུབ་བཀལཝ་ལས་ མི་ ༢ ལུ་ ཤི་རྐྱེན་བྱུང་ནུག།
གནོད་འཚུབ་དེ་ཚུའི་སྐོར་ལས་ ཨིཛ་རེལ་གྱི་ དམག་སྡེའི་ཁ་ཐུག་ལས་ ཁོང་གི་དམག་མི་ཚུ་གིས་ གསང་ཞིབ་གྲུབ་འབྲས་ཀྱི་ ལམ་སྟོན་དང་འཁྲིལ་ཏེ་ དབུས་ཕྱོགས་ག་ཟ་ལུ་ དམིགས་གཏད་ཅན་གྱི་ ས་ཁོངས་ཚུ་ནང་ གནོད་འཚུབ་བཀལ་དོ་ཟེར་ཨིན་པས།
ག་ཟའི་སྨན་ཁང་ནང་ རྨ་སྐྱོན་བྱུང་མི་ ལེ་ཤ་སྦེ་ འོང་དོ་ཡོདཔ་ལས་ སྨན་བཅོས་ཀྱི་ ཞབས་ཏོག་བྱིན་ནི་ལུ་ དཀའ་ངལ་སྦོམ་ར་ ཐོན་ཏེ་ཡོདཔ་མ་ཚད་ འཕྲལ་མཁོའི་གཤག་བཅོས་ཚུ་གི་དོན་ལུ་ སྨན་དང་ སྨན་རྫས་ཚུ་གིས་ ལང་མ་ཚུགས་པར་ དྲུང་འཚོ་དང་ གསོ་བའི་ལས་བྱེདཔ་ཚུ་གིས་ སྨན་རྫས་ཚུ་ ག་ཐོབ་རྐྱབ་སྟེ་ འཚོལ་ཞིབ་འབད་དོ་ཡོདཔ་ཨིན་པས།
ད་རེས་ ཨིཛ་རེལ་གྱིས་ གནོད་འཚུབ་བཀལ་མི་ལུ་བརྟེན་ཏེ་ སྐྱབས་བཅོལ་བའི་ སྡོད་སྒར་དང་ སྡོད་ཁྱིམ་ཚུ་ མེདཔ་བཏང་ཡོདཔ་ལས་ བཟའ་ཚང་ལེ་ཤ་ཅིག་ར་ ཕྱི་ཁར་ཐོན་མ་ཚུགས་པར་ ལུས་ཏེ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།་་

Please follow and like us: