
རོའི་ཊརཛ།
སྤྱི་ཟླ་ ༦ པའི་ཚེས་ ༥ ལུ་ ར་ཤི་ཡའི་སྲིད་འཛིན་ ཝཱལ་ཌི་མིར་ པུ་ཊིན་གྱིས་ ཡུ་ཨེཛ་དང་ མཐུན་ལམ་ཅན་གྱི་ ཡུ་རོབ་རྒྱལ་ཁབ་ཚུ་གིས་ ཡུ་ཀེ་རེན་ལུ་ རྡུལ་ཕྲན་མཚོན་ཆ་ཚུ་ ལག་ལེན་འཐབ་བཅུག་སྟེ་ ར་ཤི་ཡ་ལུ་ གནོད་འཚུབ་བཀལ་བཅུག་པ་ཅིན་ ར་ཤི་ཡའི་ ཁ་ཐུག་ལས་ཡང་ ཁོང་གི་རྒྱལ་ཁབ་ཚུ་གི་ ཉེ་འདབས་ཚུན་ ལྷོད་ཚུགས་པའི་ དེང་དུས་ཀྱི་ མི་ཛ་ཡེལ་ཚུ་ གཏང་ནི་ཨིན་པའི་ ཉེན་བརྡ་འབད་ནུག།
དེ་ཡང་ པུ་ཊིན་གྱིས་ རྒྱལ་སྤྱི་གནས་ཚུལ་ལས་སྡེའི་ རྩོམ་སྒྲིག་པ་ཚུ་དང་ ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ལུ་ གསུངས་ཡོདཔ་ད་ ནུབ་ཕྱོགས་རྒྱལ་ཁབ་དེ་ཚུ་གི་སེམས་ཁར་ ར་ཤི་ཡ་གིས་ རྡུལ་ཕྲན་མཚོན་ཆ་ཚུ་ ལག་ལེན་མི་འཐབ་འོང་ཟེར་ མནོ་མི་དེ་ འཛོལ་བ་ཨིནམ་ཚད་ རྡུལ་ཕྲན་མཚོན་ཆའི་ ནུས་སྟོབས་ལུ་ཡང་ སྣང་མེད་བསྐྱུར་ནི་ མི་འོང་ཟེར་ཨིན་པས།
བྱང་ཨེཊ་ལེན་ཊིག་ ཆིངས་ཡིག་ཚོགས་པའི་གཙོ་འཛིན་ ཡེན་སི་ཊོ་ལེན་བར་གྱིས་ ཡུ་ཀེ་རེན་ལུ་ ནུབ་ཕྱོགས་ཀྱི་ མཚོན་ཆ་ཚུ་ ལག་ལེན་འཐབ་སྟེ་ ར་ཤི་ཡའི་ ས་ཁོངས་ནང་ གནོད་འཚུབ་བཀལ་བཅུག་དགོཔ་སྦེ་ བཤད་མིའི་སྐོར་ལས་ པུ་ཊིན་གྱིས་ ནུས་ཤུགས་ཆེ་བའི་ མཚོན་ཆ་ཚུ་ ར་ཤི་ཡ་ལུ་ གནོད་འཚུབ་བཀལ་བཅུག་པ་ཅིན་ ར་ཤི་ཡ་དང་ ནུབ་ཕྱོགས་རྒྱལ་ཁབ་ཚུ་གི་བར་ན་ ཕྱད་མདའ་འཐོན་འོང་ཟེར་བའི་ ཉེན་བརྡ་ཡང་འབད་ནུག།
ར་ཤི་ཡའི་ སྲིད་འཛིན་གྱིས་ ཡུ་ཨེཛ་དང་ བི་རི་ཊེན་ ཕ་རཱནཛ་གི་ མི་ཛ་ཡེལ་ཚུ་ ཁོང་གིས་ ཕབ་བཏང་ནི་ཨིན་མི་དེ་ཡང་ ར་ཤི་ཡ་གིས་ རྒྱང་རིང་མི་ཛ་ཡེལ་ཚུ་ ལག་ལེན་འཐབ་ནི་སྦེ་ མནོ་བསམ་བཏང་དོ་ཟེར་ཨིན་པས།
དེ་མ་ཚད་ འཛམ་གླིང་ནུབ་ཕྱོགས་ཀྱི་ རྒྱལ་ཁབ་ཚུ་དང་ ར་ཤི་ཡའི་བར་ན་ དམག་འཁྲུག་ལང་དགོཔ་ འཐོན་པ་ཅིན་ ཁོང་གི་བྱ་སྤྱོད་དང་ འདྲ་མཉམ་གྱི་ ལག་ལེན་དབང་ཆ་དེ་ ར་ཤི་ཡ་ལུ་ཡང་ཡོད་ཟེར་ཨིན་རུང་ དེ་བཟུམ་མའི་ ལཱ་བྱ་དེ་ ཚབས་ཆེན་ཅིག་ཨིནམ་སྦེ་ཡང་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 1618
Users Yesterday : 3253
This Month : 79130
This Year : 375096
Total Users : 1086912
Views Today : 5322
Total views : 3051785
Who's Online : 8