
བི་བི་སི།
སྤྱི་ཟླ་ ༦ པའི་ཚེས་ ༦ ལུ་ མ་ཡན་མར་གྱི་ ར་ཁི་ནེ་མངའ་སྡེའི་ གཡུས་ཚན་ཅིག་ནང་ དམག་མི་ཚུ་གིས་ དབང་བཙོང་ཐོག་ལས་ མི་སེར་ ༥༠ དེ་ཅིག་ དམར་བསད་འབད་ནུག།
དེ་ཡང་ མཐོང་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ དམག་མི་ཚུ་གིས་ མི་སེར་ཚུ་ མིག་ཏོ་བསྡམས་ཏེ་ བརྡུང་རྫོབ་འབད་བའི་ཤུལ་ལས་ ས་སྣུམ་པེ་ཊཱོལ་བླུགས་ཏེ་ པགས་ཀོ་འཚིག་བཅུག་པའི་ཁར་ རང་གི་ཆབ་གསང་ཡང་ འཐུང་བཅུག་སྟེ་ དུས་ཡུན་ཆུ་ཚོད་ ༣ གྱི་རིང་ལུ་ སྡུག་སྦྱོང་བཏང་ཡི་ཟེར་ཨིན་པས།
མ་གཞི་ དམག་མི་ཚུ་ མ་ཡན་མར་ལུ་ དོན་སྨིན་ཅན་སྦེ་ དམག་འཐབ་འབད་མི་ ཨ་ར་ཀཱན་དམག་སྡེ་ལུ་ རྒྱབ་སྐྱོར་འབད་མི་ཚུ་ འཚོལ་དོ་ཡོདཔ་ད་ དེ་བསྒང་ སྐྱེས་ལོ་ ༡༥ ལས་ ༧༠ གི་བར་ན་འབད་མི་ མི་གྲངས་ ༥༡ ལུ་ རྩུབ་སྤྱོད་འབད་བའི་ཁར་ དམར་བསད་ཡང་འབད་ནུག།
གནད་དོན་དེ་གི་སྐོར་ལས་ གཞུང་སྐྱོང་དམག་སྡེ་ལྷན་ཚོགས་ཀྱིས་ ཁ་བཟེད་མ་བཏུབ་པར་ཡོདཔ་ད་ རྩུབ་སྤྱོད་དེ་ཡང་ མ་ཡན་མར་ལུ་ ནང་འཁྲུག་ལང་སྟེ་ ལོ་ངོ་ ༣ གྱི་ ནང་འཁོད་ལུ་ རྩུབ་སྤྱོད་སྡུག་དྲགས་ཅིག་ཨིན་པས།
མ་ཡན་མར་གྱི་ ནང་འཁྲུག་ནང་ ཨ་ར་ཀཱན་དམག་སྡེ་གིས་ གཡུས་ཚན་ལེ་ཤ་ཅིག་ནང་ གཞུང་སྐྱོང་དམག་སྡེ་དང་གཅིག་ཁར་ དམག་འཁྲུག་ལངམ་ལས་ གཞུང་སྐྱོང་དམག་སྡེ་དེ་ རྒྱབ་བཤུད་རྐྱབ་དགོཔ་ཡང་ཐོན་ནུག།
ན་ཧིང་ ནང་འཁྲུག་དེ་ མཚམས་འཇོག་འབད་ཡོད་རུང་ འདས་པའི་ཟླ་ངོ་ ༦ གི་རིང་ལུ་ ཨ་ར་ཀཱན་ཟེར་མི་ དམག་སྡེ་གིས་ རིགས་བརྒྱུད་མ་འདྲ་བའི་ མི་རིགས་ཚུ་དང་ མཉམ་བསྡོམས་ཐོག་ལས་ གཞུང་སྐྱོང་དམག་སྡེ་དང་གཅིག་ཁར་ དམག་འཁྲུག་ལང་དོ་ཡོདཔ་ད་ གཞུང་སྐྱོང་དམག་སྡེ་གིས་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༢ པའི་ནང་ བཙག་འཐུ་ལས་གྲུབ་པའི་ གཞུང་གི་དབང་ཚད་དེ་ བཙན་འཕྲོག་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 504
Users Yesterday : 3253
This Month : 78016
This Year : 373982
Total Users : 1085798
Views Today : 811
Total views : 3047274
Who's Online : 15