
སྤྱི་ཟླ་ ༦ པའི་ཚེས་ ༤ ལུ་ རྒྱལ་ཡོངས་ཚོགས་འདུ་གིས་ གནས་ཚུལ་ཞལ་འཛོམས་ འགོ་དང་པ་ འགོ་འདྲེན་འཐབ་གནང་མི་དེ་ གལ་གནད་ཆེ་བའི་ བརྡ་མཚོན་ཅིགཨིནམ་ད་ དེ་ཡང་ ཧེ་མ་འབད་བ་ཅིན་ རྒྱལ་ཡོངས་ཚོགས་སྡེ་རྐྱངམ་གཅིག་གིས་ དེ་བཟུམ་མའི་ གནས་ཚུལ་ཞལ་འཛོམས་ཚུ་ འགོ་འདྲེན་འཐབ་ཨིན་པས།
རྒྱལ་ཡོངས་ཚོགས་ཁང་གི་ ལྷན་འཛོམས་ཁང་བཟང་ནང་སྦེ་ འཚོགས་གནང་མི་ གནས་ཚུལ་ཞལ་འཛོམས་དེ་ནང་ འབྲུག་གི་སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་འདུ་ ཚོགས་ཐེངས་དང་པའི་ནང་ གསུང་གྲོས་གནང་ནི་སྦེ་ཡོད་མི་ གྲོས་གཞི་ཚུ་ལུ་ གཙོ་བོར་བཟུང་སྟེ་གནངནུག།
ཞལ་འཛོམས་དེ་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་འོགམ་དང་ ཚོགས་ཆུང་ཁག་གི་ ཁྲི་འཛིན་ཚུ་གིས་ འགོ་ཁྲིད་ཐོག་ལུ་ འཚོགས་གནང་ཡོདཔ་ད་ དེ་བསྒང་ ཚོགས་དཔོན་འོགམ་གིས་ བརྡ་བརྒྱུདཔ་ཚུ་གི་ རྒྱབ་སྐྱོར་དང་ གྲལ་གཏོགས་འབད་མི་ལུ་ བཀའ་དྲིན་དགའ་ཚོར་ཡོད་ཟེར་ཨིན་པས།
ཞལ་འཛོམས་དེ་ནང་ ད་རེས་ འཚོགས་གནང་ནི་སྦེ་ཡོད་མི་ ཚོགས་བཞུགས་ཀྱི་ གྲོས་གཞི་ཚུ་གི་སྐོར་ལས་དང་ རྒྱལ་ཡོངས་ཚོགས་འདུའི་ ཁྲིམས་དོན་གཙོ་རིམ་དང་ གསར་བཏོད་ལས་དོན་ཚུ་གི་སྐོར་ལས་ཡང་ བརྡ་བརྒྱུདཔ་ཚུ་ལུ་ གསལ་བཤད་འབད་ནུག།
དེ་མ་ཚད་ ཚོགས་ཆུང་ཁག་གི་ ཁྲི་འཛིན་ཚུ་གིས་ འབྲུག་གཞུང་དང་ ཀུ་ཝེཊ་གཞུང་གི་བར་ན་ མཁའ་འགྲུལ་ཞབས་ཏོག་གི་ ཆིངས་ཡིག་ ༢༠༢༤ ཅན་མ་དང་ འབྲུག་གི་གཉེན་སྦྱོར་བཅའ་ཁྲིམས་ འཕྲི་སྣོན་དཔྱད་ཡིག་ ༢༠༢༤ ཅན་མ་ དེ་ལས་ འབྲུག་གི་ཕྱིར་དབྱུང་བྱ་བའི་གནད་སྤྱོད་ཀྱི་ དཔྱད་ཡིག་ ༢༠༢༤ ཅན་མ་དང་ རྒྱ་ཡོངས་ཚོགས་འདུའི་ འཕྲི་སྣོན་དཔྱད་ཡིག་ ༢༠༢༤ ཅན་མ་ཚུ་གི་ ཀུན་སློང་དང་ གཞི་ཁུངས་ཚུ་གི་སྐོར་ལས་ དོགས་གསལ་ཚུ་ཡང་འབད་ཡོདཔ་ཨིན་པས།
བརྡ་བརྒྱུདཔ་ཚུ་གི་ ཁ་ཐུག་ལས་ ཨ་ལོ་དང་ ཨམ་སྲུའི་ཉེན་སྲུང་དང་ འཐུང་ཆུའི་རྐ་འགོ་འཛིན་སྐྱོང་ རི་དྭགས་སེམས་ཅན་གྱི་གནོད་པ་ སྒེར་སྡེ་ལུ་ རྒྱབ་སྐྱོར་ལ་སོགས་པ་གིས་གཙོས་པའི་ རྒྱལ་ཡོངས་ཚོགས་འདུའི་ འཆར་གཞི་ཚུ་ལུ་ ཚ་གྱང་ཡོད་པའི་ དྲི་བ་ཞུ་བའི་ལན་ལུ་ ཚོགས་ཆུང་ཁག་གི་ ཁྲི་འཛིན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གནད་དོན་དེ་ཚུའི་སྐོར་ལས་ རྒྱ་ཡོངས་ཚོགས་འདུ་གིས་ མཁྱེན་གསལ་ཆེཝ་ལས་ ཕྱག་ལཱ་ཚུ་ གནང་པའི་བསྒང་ཡོད་ཟེར་ཨིན་པས།
ཞལ་འཛོམས་དེ་ ལས་དོན་ཚུ་གི་ བརྡ་དོན་ཚུ་ མི་མང་ལུ་ དོན་སྨིན་ཅན་སྦེ་ ཁྱབ་སྤེལ་འབད་ནི་དང་ ཁྲིམས་དོན་གྱི་ བྱ་སྒོ་ཚུ་ དྭངས་གསལ་ཐོག་ལུ་ ལག་ལེན་འཐབ་སྟེ་ བརྡ་བརྒྱུདཔ་ཚུ་དང་ འབྲེལ་བ་གང་དྲག་འཐབ་ནི་གི་ དམིགས་དོན་ཐོག་ལུ་ འཚོགས་ཡོད་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1390349
Views Today :
Total views : 5000
Who's Online :