
སྤ་རོ་བོང་སྡེ་ ཨྱོན་པདྨ་ཟངས་མདོག་དཔལ་རི་ལུ་ སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་མཆོག་གིས་ མཁན་སྤྲུལ་དང་ བླ་སློབ་ དགེ་སློང་ སྒོམ་ཆེན་ ཨ་ཎེམ་ཚུ་གིས་གཙོས་པའི་ དད་ལྡན་སེར་སྐྱ་ཕོ་མོ་ཡོངས་ལུ་ རིན་ཆེན་གཏེར་མཛོད་ཀྱི་ དབང་ལུང་ཁྲིད་ ༣ གནང་དོ་ཡོདཔ་ཨིན་པས།
དེ་ཡང་ རང་ཟླ་ ༤ པའི་ཚེས་ ༢༡ སྤྱི་ཟླ་ ༥ པའི་ཚེས་ ༢༩ ལས་ འགོ་བཙུགས་མི་ རིན་ཆེན་གཏེར་མཛོད་ཀྱི་ དབང་ལུང་ཁྲིད་ ༣ དེ་ ཟླ་ངོ་ཕྱེད་དང་ ༤ གི་རིང་ལུ་ གནང་ནི་ཨིནམ་ད་ དེ་སྦེ་ དབང་ལུང་ཁྲིད་ ༣ གནང་སར་ མཁན་སྤྲུལ་དང་ བླ་སློབ་ དགེ་སློང་ སྒོམ་ཆེན་ ཨ་ཎེམ་ མི་སེར་ཚུ་ག་ར་བསྡོམས་ཏེ་ མི་གྲངས་ ༡༢,༠༠༠ དེ་ཅིག་ཡོདཔ་ཨིན་པས།
རིན་ཆེན་གཏེར་མཛོད་ཀྱི་ དབང་ལུང་ཁྲིད་ ༣ དེ་ དྲོ་པའི་ཆུ་ཚོད་ ༧ ལས་ འགོ་བཙུགས་ཏེ་ ཨ་འཛོམས་རྒྱལ་སྲས་མཆོག་སྤྲུལ་མཆོག་གིས་ ལྗགས་ལུང་ཚུ་ གནང་དོ་ཡོདཔ་ད་ ཉིན་མའི་ཆུ་ཚོད་ ༡ ལས་ སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་མཆོག་གིས་ དཀའ་དབང་ཚུ་ གནངམ་ཨིན་པས།
སྤྱི་ཟླ་ ༩ པའི་ཚེས་ ༢༣ ཚུན་ གནང་ནི་ཨིན་མི་ བཀའ་དབང་དེ་ སྤྱི་ཟླ་ ༥ པའི་ཚེས་ ༢༩ ལུ་ སྨིན་གླིང་རྡོར་སེམས་ཀྱི་ དཀྱིལ་འཁོར་ཞལ་ཕྱེ་ཞིནམ་ལས་ ས་ཆོག་དང་འབྲེལ་ཏེ་ རྡོར་སེམས་ཀྱི་ སྒྲུབ་མཆོད་དངོས་གཞི་ འགོ་བཙུགས་གནང་ནུག།
དེ་གི་ཧེ་མར་ རིན་ཆེན་གཏེར་མཛོད་ཆེན་མོའི་ བཀའ་དབང་གནང་པའི་སྐབས་ལུ་ ཕྱི་ནང་གསང་གསུམ་ཀྱི་ འགལ་རྐྱེན་བར་ཆད་ཚུ་ ཞི་ཐབས་ལུ་དང་ བྱ་བ་ཐ་དག་ བད་མེད་ལྷུན་གྱིས་འགྲུབ་ཐབས་ལུ་ སྤྱི་ཟླ་ ༥ པའི་ཚེས་ ༢༣ ལས་ ༢༦ ཚུན་ ཉིན་གྲངས་ ༤ གི་རིང་ལུ་ ཨྱོན་པདྨ་ཟངས་མདོག་དཔལ་རིའི་ ཚོགས་ཁང་ཆེན་མོའི་ནང་སྦེ་ ཨྱོན་པདྨ་ཟངས་མདོག་དཔལ་རིའི་ མཁན་སྤྲུལ་བླ་སློབ་འདུས་ཚོགས་དང་ ཞེ་ཆེན་དགོན་སྡེའི་ བླ་སྤྲུལ་དང་ དགེ་འདུན་པ་ཚུ་གིས་ རིག་འཛིན་འདུས་པའི་ ཚོགས་འཁོར་འབུམ་ཐེར་གནང་ནུག།
རིན་ཆེན་གཏེར་མཛོད་ཀྱི་ དབང་ལུང་ཁྲིད་ ༣ དེ་ མཁན་སྤྲུལ་ཀརྨ་འཇིགས་མེད་མཆོག་གིས་ དབུ་གཙོས་པའི་ ཨྱོན་པདྨ་ཟངས་མདོག་དཔལ་རིའི་ ཆོས་ཚོགས་ཀྱིས་ འགོ་འདྲེན་འཐབ་དོ་ཡོདཔ་མ་ཚད་ བཀའ་དབང་ཞུ་མི་ཚུ་ལུ་ འགོ་འདྲེན་པའི་ཁ་ཐུག་ལས་ ཉིན་བསྟར་བཞིན་དུ་ གསོལ་ཇ་དང་ གསོལ་ཚོགས་ཚུ་ཡང་ དྲང་དོ་ཡོདཔ་ཨིན་པས།
དེ་ལས་ ཟངས་མདོག་དཔལ་རིའི་ གཙུག་ལག་ཁང་གི་གདོང་ཁར་ མི་གྲངས་ ༡༢,༠༠༠ ལྷགཔ་ཅིག་ཤོང་པའི་ དབང་ཁང་རྐྱབ་པའི་གུ་ སྒེར་གྱི་ས་ཆ་ཨེ་ཀར་ ༡ ལེན་ཞིནམ་ལས་ ཕོ་སྐྱེས་ཀྱི་གསང་སྤྱོད་ ༦༤ དང་ ཨམ་སྲུའི་གསང་སྤྱོད་ ༥༦ ས་དོང་བརྐོ་སྟེ་ རྐྱབ་ཡོདཔ་མ་ཚད་ བླ་སྤྲུལ་དང་ དགེ་སློང་ཚུ་གི་དོན་ལས་ གྲྭ་ཤག་ནང་ དེང་སང་གི་ གསང་སྤྱོད་ ༦༠ དེ་ཅིག་ཡང་ གཞི་བཙུགས་འབད་ནུག།
དེ་བཟུམ་སྦེ་ གནམ་བྱར་གྱི་ དུས་ཚོད་ཁར་ གཟུགས་ཁམས་འཕྲོད་བསྟེན་དང་ གཙང་སྦྲ་བསྟེན་དགོཔ་ཚུ་ཡང་ ག་ནི་བ་ གལ་ཆེ་བའི་ གནད་ལུ་བརྟེན་ཏེ་ དབང་ཁང་གི་ གཡས་གཡོན་ལུ་ ཆུ་འཐུང་ནི་དང་ ལགཔ་འཁྱུ་ནིའི་དོན་ལས་ ཆུའི་ཀ་ལི་ ༦༠ དེ་ཅིག་ཡང་ བཟོ་བསྐྲུན་འབད་ཡོད་པའི་གནས་ཚུལ།





Users Today : 1812
Users Yesterday : 3481
This Month : 28741
This Year : 257582
Total Users : 969398
Views Today : 5949
Total views : 2808485
Who's Online : 18