ཇི་༧ ཟེར་མི་ རྒྱལ་ཁབ་ཚོགས་པའི་ དབུ་ཁྲིད་ཚུ་གིས་ ཡུ་ཀེ་རེན་ལུ་ ཌོ་ལར་ཐེར་འབུམ་ ༥༠ སྐྱིན་འགྲུལ་བྱིན་ནི།

ཨཱལ་ཇ་ཟི་ར།
སྤྱི་ཟླ་ ༦ པའི་ཚེས་ ༡༣ ལུ་ ཨི་ཊ་ལིའི་བློན་ཆེན་ ཇོར་ཇི་ཡ་ མེ་ལོ་ནི་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཇི་༧ ཟེར་མི་ རྒྱལ་ཁབ་ཚོགས་པ་གིས་ ར་ཤི་ཡའི་བདོག་གཏད་ ལག་ལེན་བཀག་དམ་འབད་དེ་ བཞག་མིའི་ནང་ལས་ཐོན་མི་ ཁེ་འབབ་ཐོག་ལས་ ཌོ་ལར་ཐེར་འབུམ་ ༥༠ ཡུ་ཀེ་རེན་ལུ་ སྐྱིན་འགྲུལ་བྱིན་ནི་སྦེ་ ཞལ་འཆམ་བྱུང་ཡི་ཟེར་ཨིན་པས།
དུས་ཅི་ ཇི་༧ སྡེ་ཚན་གྱི་ འཐུས་མི་རྒྱལ་ཁབ་ཚུ་གི་ ལོ་བསྟར་དབུ་ཁྲིད་ཞལ་འཛོམས་དེ་ ཨིཊ་ལི་ལུ་ ཚོགས་གནང་ཡོདཔ་ད་ ཨི་ཊ་ལིའི་ བློན་ཆེན་གྱི་ ཁ་ཐུག་ལས་ ཡུ་ཨེཛ་གི་སྲིད་འཛིན་ ཇཱོ་བ་ཡེ་ཌེན་དང་ ཕ་རཱནཛ་ ཇར་མ་ནི་ རྒྱ་པཱན་ དེ་ལས་ ཡུ་ཀེ་རྒྱལ་ཁབ་ཚུ་གི་ དབུ་ཁྲིད་ཚུ་གི་བར་ན་ ཡུ་ཀེ་རེན་གྱི་སྐོར་ལས་ དམིགས་བསལ་གྱི་ ཚོགས་ཐེངས་ཅིག་ཡང་ འགོ་འདྲེན་འཐབ་ཡོདཔ་ལས་ དམིགས་བསལ་ཞལ་འཛོམས་དེ་ནང་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་ལུ་ཡང་ གྲལ་གཏོགས་འབད་དགོཔ་ མགྲོན་བརྡ་འབད་ནུག།
དམིགས་བསལ་གྱི་ ཚོགས་ཐེངས་སྐབས་ལུ་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ ཇི་༧ གྱི་ དབུ་ཁྲིད་ཚུ་གི་ རྒྱབ་སྐྱོར་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ བཤད་མི་དང་འབྲེལ་ཏེ་ སྐྱིན་འགྲུལ་དེ་ ཁོ་རའི་རྒྱལ་ཁབ་ནང་ ཉེན་སྲུང་དང་ བསྐྱར་གསོའི་དོན་ལུ་ ཟད་འགྲོ་གཏང་ནི་ཨིནམ་སྦེ་ བཤད་ཡོདཔ་མ་ཚད་ དེ་ཡང་ མཚོན་ཆ་དགོས་མཁོ་ཡོད་མི་ཚུ་ལུ་ གཙོ་བོར་བཟུང་ནི་སྦེ་ བཤད་ཡོདཔ་ཨིན་པས།
ཨིན་རུང་ ད་རེས་ ཇི་༧ གྱི་ འཐུས་མི་རྒྱལ་ཁབ་ཚུ་གིས་ སྐྱིན་འགྲུལ་དེ་ ར་ཤི་ཡའི་བདོག་གཏད་ ཌོ་ལར་ཐེར་འབུམ་ ༣༠༠ དེ་ཅིག་ཡོད་མིའི་ ཁེ་འབབ་ཐོག་ལས་ གཏང་ནི་ཨིནམ་ད་ ག་དེམ་ཅིག་སྦེ་ ར་ཤི་ཡའི་ བདོག་གཏད་ཚུ་གི་ ལག་ལེན་བཀག་དམ་ ཡངས་ཆག་གཏང་པ་ཅིན་ སྐྱིན་འགྲུལ་དེ་ བྱིན་མི་ཚུགས་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: