
སྤྱི་ཟླ་ ༦ པའི་ཚེས་ ༢༧ ལུ་ མི་རྗེ་བློན་ཆེན་ དྲག་ཤོས་ཚེ་རིང་སྟོབས་རྒྱས་ཀྱིས་ མཐའ་ཡས་ལེན་ ཅུ་ལ་ལོང་ཀཱོན་ གཙུག་ལག་སློབ་སྡེའི་ནང་་ ཤེས་བྱ་ཡངས་པའི་ འགོ་ཁྲིད་ཟེར་མིའི་སྐོར་ལས་ གསལ་བཤད་གནང་ཡོདཔ་ད་ གསལ་བཤད་དེ་ མ་གནང་པའི་ཧེ་མར་ གཙུག་ལག་སློབ་སྡེ་གིས་ གསལ་བཤད་གནང་པར་ བྱོན་དགོ་པའི་ མགྲོན་བརྡ་འབད་མི་ལུ་ བཀའ་དྲིན་ཆེ་ཟེར་ གསུངས་ཡོདཔ་ཨིན་པས།
དེ་ཡང་ མི་རྗེ་བློན་ཆེན་གྱིས་ གསུངས་དོ་བཟུམ་འབད་བ་ཅིན་ དཀའ་སྡུག་གཅིག་ཤུལ་གཉིས་ཤུལ་ ཐོན་ཏེ་ཡོད་མི་ འཛམ་གླིང་ནང་ ཤེས་བྱ་ཡངས་པའི་ འགོ་ཁྲིད་ཀྱི་ འགན་ཁུར་དེ་ དུས་ནམ་ལས་ཡང་ ད་རེས་ གལ་ཆེ་བའི་ གནད་ལུ་གྱུར་ཏེ་ཡོདཔ་ལས་ དེ་བཟུམ་མའི་ འགོ་ཁྲིདཔ་ཚུ་ སྦྱང་བརྩོན་ཐོག་ལས་ སྤེལ་ནི་ལུ་ ནུས་རྩལ་དང་ འོས་འབབ་ལྡན་པའི་ གཙུག་ལག་སློབ་སྡེ་ ཅུ་ལ་ལོང་ཀཱོན་བཟུམ་ཚུ་གི་ དགོས་མཁོ་སྦོམ་ཡོད་ལུགས་ཚུ་ གསུངས་གནང་ནུག།
དེ་མ་ཚད་ མི་རྗེ་བློན་ཆེན་གྱིས་ འགོ་ཁྲིདཔ་ཟེར་མི་དེ་ ད་ལྟོ་ཡོད་མི་ གནས་སྟངས་ལས་རྒལ་བའི་ ཕུགས་མཐོང་གི་ ཤེས་བྱའི་ཐོག་ལས་ གནས་སྟངས་དྲག་ཤོས་ཀྱི་དོན་ལས་ བརྩོན་མི་ལུ་ གོ་ནི་དང་ ཤེས་བྱ་ཡངས་པའི་ འགོ་ཁྲིདཔ་ཚུ་ ཤེས་རབ་དང་ བློ་སྟོབས་ སྙིང་རྗེ་ཙུ་ འདྲ་མཉམ་དགོ་ཟེར་ཨིན་པས།
འཆར་སྣང་དེ་ ཤེས་རབ་དང་ བློ་སྟོབས་ སྙིང་རྗེ་ཚུ་གི་ བརྡ་མཚོན་སྟོན་མི་ འཇམ་དཔལ་དབྱངས་དང་ ཕྱག་ན་རྡོ་རྗེ་ སྤྱན་རས་གཟིགས་ཚུ་གི་ གཏམ་རྒྱུད་ཚུ་ལུ་ གཞི་བརྟེན་འབདཝ་ཨིན་ཟེར་ གསུངས་གནང་ནུག།
དེ་གི་ཤུལ་ལས་ མི་རྗེ་བློན་ཆེན་མཆོག་གིས་ ཅུ་ལ་ལོང་ཀཱོན་ལུ་ ཤེས་ཡོན་སྦྱང་པའི་བསྒང་ཡོད་མི་ འབྲུག་པའི་སློབ་ཕྲུག་ཚུ་དང་ མཇལ་ཕྲད་མཛད་དེ་ སྙིང་རུས་ཀྱི་སྒོ་ལས་ ཡོན་ཏན་སྦྱང་སྟེ་ ང་བཅས་རའི་ མངའ་བདག་རྒྱལ་པོ་དང་ རྒྱལ་ཁབ་ལུ་ རིག་རྩལ་དང་ལྡན་པའི་སྒོ་ལས་ ཕྱག་ཕྱིད་ཞུ་དགོཔ་ གལ་ཆེ་ལུགས་ཚུ་ཡང་ གསུངས་ཡོད་པའི་གནས་ཚུལ།





Users Today : 1186
Users Yesterday : 6933
This Month : 65555
This Year : 294396
Total Users : 1006212
Views Today : 9305
Total views : 2925722
Who's Online : 7