འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ཚད་ཀྱིས་ གསོ་བའི་ཉེན་བཅོལ་ལས་འཆར་འགོ་འབྱེད།

སྤྱི་ཟླ་ ༧ པའི་ཚེས་ ༡ ལུ་ ཐིམ་ཕུ་པདྨ་བཀོད་ནང་སྦེ་ དེང་དུས་ཀྱི་ འབྲུག་མི་བཟའ་ཚང་ཚུ་ལུ་ གསོ་བའི་ཞབས་ཏོག་གི་ དགོས་མཁོ་ཚུ་ འགྲུབ་ཐབས་ལུ་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ཚད་ཀྱིས་ རྙོག་གཞི་མེད་པའི་ཁར་ དངུལ་རྐྱང་ལག་ལེན་འཐབ་མ་དགོ་པའི་ གསོ་བའི་ཉེན་བཅོལ་ལས་འཆར་ཅིག་ འགོ་འབྱེད་འབད་ནུག།
ཉེན་བཅོལ་ལས་འཆར་དེ་གིས་ རྒྱ་གར་རྒྱལ་ཁབ་ཀྱི་ མངའ་སྡེ་ ༢༨ ཡོངས་རྫོགས་ནང་ སྨན་ཁང་ ༥༠༠ ལྷགཔ་ཅིག་ལུ་ ཁྱབ་ཚད་ཡོདཔ་མ་ཚད་ ལས་འཆར་དེ་གིས་ འབྲུག་མི་རྐྱངམ་གཅིག་ལུ་མིན་པར་ ཕྱི་ཁའི་མི་ཁུངས་ འབྲུག་ལུ་ ཟླ་ངོ་ ༦ ལས་ལྷག་སྟེ་ སྡོད་མི་ཚུ་ལུ་ཡང་ ཁྱབ་ཚད་ཡོདཔ་ཨིན་པས།
གསོ་བའི་ཉེན་བཅོལ་ལས་འཆར་ཅིག་ནང་ ན་ལོན་ ༢ རེ་དང་ ཨ་ལོ་ ༣ རེ་ ཉེན་བཅོལ་འབད་ཆོག་ནི་དང་ ལས་འཆར་དེ་གི་ ཚོང་མགྲོན་ལུ་ འོས་འབབ་དང་བྱ་སྟབས་བདེ་བའི་ ཁྱད་ཆོས་ཚུ་ཡང་ཡོདཔ་ཨིན་པས།
ལས་འཆར་དེ་ནང་ འཛུལ་ཞུགས་འབད་མི་ཚུ་ལུ་ ལོ་ངོ་ ༢ རེའི་ནང་ སྨན་བཅོས་བརྟག་དཔྱད་ཐེངས་རེ་ རིན་མེད་སྟོང་མར་ འཐོབ་ནི་ཨིནམ་མ་ཚད་ ཉུང་མཐའ་ཡང་ དུས་ཡུན་ཆུ་ཚོད་ ༢༤ གི་རིང་ལུ་ སྨན་ཁང་ནང་སྡོད་པའི་ ཟད་འགྲོ་དང་ སྨན་ཁང་ནང་ མ་སྡོད་པའི་ སྔ་གོང་དང་ སྨན་ཁང་ནང་ལས་ བཏང་པའི་ཤུལ་ལུ་ཡང་ ཉིན་གྲངས་ ༣༠ དང་ ༦༠ གི་ སྨན་བཅོས་ཀྱི་ ཟད་འགྲོ་ཚུ་ འཐོབ་ནི་ཨིན་པས།
གསོ་བའི་ཉེན་བཅོལ་ལས་འཆར་གྱི་ འགོ་འབྱེད་རྟེན་འབྲེལ་ནང་ སྐུ་མགྲོན་གཙོ་བོ་ གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་གཙོས་པའི་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་ལུང་བསྟན་རྡོ་རྗེ་དང་ ལྡོ་ཕྱོགས་འགོ་ཁྲིདཔ་ དྲགོས་པདྨ་ཚེ་དབང་ སྒོ་ནོར་དང་ སོ་ནམ་བློན་པོ་ ཡོན་ཏན་ཕུན་ཚོགས་ དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་ དེ་ལས་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་དང་ ཆེ་མཐོའི་དཔོན་ཁག་ཚུ་གིས་ཡང་ གྲལ་གཏོགས་མཛད་ནུག།
འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ཚད་ཀྱིས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ད་རེས་ འབྲུག་མི་ཚུ་གི་དོན་ལས་ གསོ་བའི་ཞབས་ཏོག་ལེགས་སྒྱུར་ ངེས་གཏན་བཟོ་ཐབས་ལུ་ གསོ་བའི་ཉེན་བཅོལ་ལས་འཆར་གྱི་ འགོ་འབྱེད་རྟེན་འབྲེལ་དེ་ དམིགས་བསལ་གྱི་ བྱུང་རིམ་ཅིག་སྦེ་ བརྩི་འཇོག་མཛད་མི་ལུ་ཡང་ བཀའ་དྲིན་ཆེ་ཟེར་ཨིན་པས།
གསོ་བའི་ཉེན་བཅོལ་ལས་འཆར་གྱི་འོག་ལུ་ ཧེ་མ་ལས་ཡོད་མི་ ནད་གཞིའི་ཐེད་ཁར་ སྨན་བཅོས་ལས་འཆར་གྱི་འཐུས་ཚུ་ ལས་འཆར་ནང་འཛུལ་བའི་ ཚེས་གྲངས་ལས་ ལོ་ངོ་ ༢ ཀྱི་རྒྱབ་ལས་ ཆ་གནས་འབད་ནི་ཨིན་པས།
ལས་འཆར་དེ་ནང་ ནང་འཁོད་འཁོར་ལམ་བདའ་སྟེ་ ནདཔ་སྐྱེལ་འདྲེན་དང་ ནང་འཁོད་སྨན་ཁང་ནང་ སྡོད་དགོ་པའི་འཐུས་ཚུ་ འཐོབ་ནི་ཨིནམ་ད་ ལས་འཆར་དེ་གི་ ཉེན་བཅོལ་གནས་གོང་དེ་ དངུལ་ཀྲམ་ ༣༠༠,༠༠༠ ལས་ ༡,༠༠༠,༠༠༠ གི་བར་ན་ཡོདཔ་ཨིན་པས།
ཉེན་བཅོལ་ལས་འཆར་དེ་གི་སྐོར་ལས་ བརྡ་དོན་ཁ་གསལ་གྱི་དོན་ལུ་ བསྟན་པ་དབང་འདུས་དང་གཅིག་ཁར་ འགྲུལ་འཕྲིན་ཨང་ ༡༧༧༧༨༨༤༦ ཡང་ཅིན་ གློག་རིག་ཁ་བྱང་ tempa_wangdi@ricb.bt གི་ཐོག་ལུ་ འབྲེལ་བ་འཐབ་གནང་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: