འབྲུག་གི་སྤྱི་ཚོགས་ལྷན་བཞུགས་ནང་ མི་རྗེ་བློན་ཆེན་མཆོག་གིས་ རྒྱལ་ཁམས་ཀྱི་ ལོ་བསྟར་སྙན་ཞུ།

སྤྱི་ཟླ་ ༧ པའི་ཚེས་ ༤ ལུ་ མི་རྗེ་བློན་ཆེན་མཆོག་གིས་ འབྲུག་གི་སྤྱི་ཚོགས་བཞི་པའི་ ཚོགས་ཐེངས་དང་པའི་ སྤྱི་ཚོགས་ལྷན་བཞུགས་ནང་ རྒྱལ་ཁམས་ཀྱི་ ལོ་བསྟར་སྙན་ཞུ་ ལེའུ་ ༥ ལུ་ ཁ་དབྱེ་སྟེ་ཞུ་ཡི།
དེ་ཡང་ ལེའུ་དང་པ་ རྒྱལ་ཁབ་ཀྱི་ གནས་སྟངས་སྙན་ཞུ་དང་ ལེའུ་གཉིས་པ་ རྒྱལ་ཁབ་ཀྱི་ དཀའ་ངལ་སྙན་ཞུ། ལེའུ་གསུམ་པ་ དཀའ་ངལ་བསལ་ཐབས། ལེའུ་བཞི་པ་ དུས་ཅི་ལོ་ ༡ གི་ གཞུང་གི་འཆར་གཞི་དང་ གཙོ་རིམ་སྙན་ཞུ། ལེའུ་ལྔ་པ་ དུས་ཅི་ལོ་ ༡ གི་ གཞུང་གི་ཁྲིམས་བཟོའི་ འཆར་གཞི་ཚུ་ཨིན་པས།
ལེའུ་དང་པ་ རྒྱལ་ཁབ་ཀྱི་གནས་སྟངས།
ང་བཅས་རའི་ འབྲུག་རྒྱལ་ཁབ་ནང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་འདི་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ ཐུགས་ཀྱི་དགོངས་གཏེར་ལས་འཁྲུངས་པའི་ ནོར་བུ་ཅིག་ཨིནམ་མ་ཚད་ འདས་པའི་ལོ་ངོ་ ༥༠ གི་ ནང་འཁོད་ལུ་ ང་བཅས་རའི་ མི་སྡེ་དཔལ་འབྱོར་གོང་འཕེལ་གྱི་ སྲིད་བྱུས་དང་ འཆར་གཞི་ཚུ་ ག་ཅི་ར་བརྩམས་རུང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་དང་ གཞི་རྩ་ཚུ་ལུ་གནས་ཏེ་ ལཱ་འབད་ཨིན་ཟེར་ཞུ་ཡི།
དེ་འབདཝ་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ གནས་སྟངས་ར་ ལེགས་ཤོམ་སྦེ་ཡོད་པ་ཅིན་ རྒྱལ་ཁབ་ཀྱི་ གནས་སྟངས་འདི་ རང་བཞིན་གྱིས་ ལེགས་ཤོམ་ཡོདཔ་སྦེ་ ཡིད་ཆེས་བསྐྱེད་ཚུགས་ཟེར་ཨིནམ་ད་ དེ་མིན་པ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལུ་བརྟེན་ཏེ་ གྲུབ་འབྲས་གཏོན་མ་ཚུགས་པ་ཅིན་ རྒྱལ་ཁབ་ཀྱི་ གནས་སྟངས་ཡང་ ལེགས་ཤོམ་མེད་པའི་ ངོས་ལེན་འབད་དགོ་ཟེར་ཨིན་པས།
འབྲུག་པའི་མི་སེར་ཚུ་གིས་ མཁྱེན་དོ་བཟུམ་སྦེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ དམིགས་ཡུལ་ཚུ་ འགྲུབ་དགོ་པ་ཅིན་ མི་སྡེའི་དཔལ་འབྱོར་གོང་འཕེལ་ སྒྲིང་སྒྲིང་ཐལ་དགོཔ་ད་ དེ་བཟུམ་སྦེ་ ཆོས་དང་ ལམ་སྲོལ་ཚུ་ མི་ཉམས་གོང་འཕེལ་དང་ རང་བཞིན་གནས་སྟངས་བདག་འཛིན་ དེ་ལས་ གལ་ཆེ་ཤོས་ར་ གཞུང་སྐྱོང་ལེགས་ལྡན་ལུ་ གཙོ་བོར་གཏོན་དགོ་ཟེར་ཞུ་ཡི།
རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཀ་ཆེན་བཞི་གི་ གནས་སྟངས་ཚུ་ལུ་ བལྟ་བ་ཅིན་ དང་པ་ར་ རྒྱལ་ཁབ་ཀྱི་ དཔལ་འབྱོར་འདི་ ཆུང་ཀུ་ཅིག་ར་ཨིན་མི་འདི་ཡང་ ནང་འཁོད་འཐོན་ཁུངས་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་ ༢༢༧ དེ་ཅིག་ལས་མེད་རུང་ དཔལ་འབྱོར་ཆུང་ཀུ་འདི་ འདྲ་མཉམ་དང་ ཡུན་བརྟན་གྱི་ཐོག་ལས་ མཐའ་འཁོར་གནས་སྟངས་ མེདཔ་མ་གཏང་པའི་ དཔལ་འབྱོར་ཨིནམ་སྦེ་ ཆ་བཞག་པའི་གུ་ ལོ་བསྟར་བཞིན་དུ་ དཔལ་འབྱོར་འདི་ འགྲོས་ཀྱིས་སྦེ་ རྒྱ་སྐྱེད་ཐལ་དོ་ཟེར་ཨིན་པས།
དེ་ཡང་ ན་ཧིང་ སྤྱི་ལོ་ ༢༠༢༣ ལུ་ ནང་འཁོད་འཐོན་ཁུངས་ཡོངས་བསྡོམས་ བརྒྱ་ཆ་ ༤.༥ ཡར་འཕར་འསོང་ཡོདཔ་ལས་ དཔལ་འབྱོར་ཡང་ འགྲོས་ཀྱིས་སྦེ་ གོང་འཕེལ་ཐལ་རུང་ ང་བཅས་རའི་ དཔལ་འབྱོར་འདི་ ཆུང་ར་ཆུང་ནི་འདི་གིས་ སྟབས་མ་བདེཝ་དང་ ཉེན་ཁ་སྦོམ་སྦེ་ འཐོན་དོ་ཡོད་པའི་སྐོར་ལས་ གསལ་ཞུ་ཕུལ་དོ་ཟེར་ཞུ་ཡི།
ང་བཅས་རའི་ མི་སྡེའི་གོང་འཕེལ་འདི་ གནམ་མེད་ས་མེད་ ཡར་དྲགས་འགྱོ་མིའི་སྐོར་ལས་ དཔྱེ་སྦེ་ཞུ་བ་ཅིན་ ང་བཅས་རའི་ ན་གཞོན་ཚུ་ག་ར་ སློབ་གྲྭའི་ནང་ ཤེས་ཡོན་སྦྱངས་པར་ འགྱོ་བ་གིས་མ་ཚད་པར་ འབྲུག་མིའི་འབྲི་ལྷག་གི་ གནས་ཚད་འདི་ བརྒྱ་ཆ་ ༧༠.༦ ལུ་ ལྷོད་དེ་ཡོད་པའི་གུ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཡང་ ལོ་གཅིག་བ་ལོ་གཅིག་ ལེགས་ཤོམ་འགྱོཝ་ལས་ མིའི་ཚེ་ཚད་འདི་ ལོ་ཚད་ ༧༠ ལྷགཔ་ཅིག་ལུ་ ཡར་སེང་སོང་སྟེ་ཡོད་ཟེར་ཨིན་པས།
དེ་སྦེ་ མི་སྡེ་གོང་འཕེལ་ནང་ གྲུབ་འབྲས་སྦོམ་སྦེ་ འཐོན་ཚུགས་མི་འདི་ གཙོ་བོ་ར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཤེས་རིག་དང་ གསོ་བའི་ཞབས་ཏོག་ཚུ་ག་ར་ རིན་མེད་སྟོང་མར་ གནང་པའི་ཁར་ མི་སྡེའི་ཕན་བདེ་ལུ་ སྐྱིད་སྡུག་གི་ ལས་རིམ་ཚུ་ཡང་ བསམ་གྱིས་མི་ཁྱབ་པ་སྦེ་ གནང་ནི་འདི་གིས་ཨིནམ་ལས་ ང་བཅས་རའི་ རྒྱལཔོ་རིམ་བྱོན་ཚུ་དང་ ལྷག་པར་དུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ ང་བཅས་ མི་སེར་ཡོངས་ཀྱིས་ ཧིང་ལས་ར་ བཀའ་དྲིན་བསམ་སྟེ་ཡོད་ཟེར་ཞུ་ཡི།
ཆོས་དང་ ལམ་སྲོལ་གྱི་ཐེད་ཁར་ ཆོས་ཀྱི་དབུ་འཁྲིད་དམ་པ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་དང་ སློབ་དཔོན་ལྷན་རྒྱས་ ༥ གིས་གཙོས་པའི་ གཞུང་གྲྭ་ཚང་དང་ རབ་སྡེ་ཁག་ དེ་བཟུམ་སྦེ་ ཆོས་སྡེ་ཁག་གི་ བླ་སྤྲུལ་ཚུ་གིས་ སངས་རྒྱས་ཀྱི་བསྟན་པ་ཡུན་རིངམོ་སྦེ་ གནས་ཐབས་དང་ ལྷག་པར་དུ་ གསང་སྔགས་རྡོ་རྗེ་ཐེག་པའི་རིང་ལུགས་ རྩ་བརྟན་སྦེ་བཟོ་གནངམ་ལས་ ང་བཅས་རའི་ ནང་པ་སངས་རྒྱས་པའི་ ཆོས་ལྡན་གྱི་རྒྱལ་ཁབ་ནང་ སངས་རྒྱས་ཀྱི་བསྟན་པ་ གོང་ལས་གོང་དུ་འཕེལ་བཞིན་དུ་ཡོད་ཟེར་ཨིན་པས།
དེ་མ་ཚད་ སྐྱབས་རྗེ་རིན་པོ་ཆེ་མཆོག་དང་ སློབ་དཔོན་ལྷན་རྒྱས་ ༥ གི་གཙོས་པའི་ གཞུང་གྲྭ་ཚང་དང་ རབ་སྡེ་ཁག་ དེ་བཟུམ་སྦེ་ ཆོས་སྡེ་ཁག་གི་ བླ་སྤྲུལ་རྣམས་དང་ ཧིན་དུའི་པཎྜིཏ་ཚུ་གིས་ རྒྱལ་ཁབ་ཀྱི་དོན་ལུ་ བསམ་གྱིས་མ་ཁྱབ་པའི་ སྐུ་རིམ་བསྒྲུབས་གནང་མི་ལུ་ཡང་ བཀའ་དྲིན་དགའ་ཚོར་ཡོད་ལུགས་དང་ ལྷག་པར་དུ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐུ་ཚེ་ཞབས་པད་བརྟན་ནི་དང་ མཛད་པ་དང་ འཕྲིན་ལས་དར་ཞིང་རྒྱས་ཐབས་ལུ་ དུས་རྒྱུན་དུ་ སྐུ་རིམ་དང་ ཐུགས་སྨོན་ཚུ་ གནང་མི་ལུ་ཡང་ མི་སེར་ཡོངས་ཀྱི་ མགྲིན་ཚབ་སྦེ་ བཀའ་དྲིན་དགའ་ཚོར་ཞུ་ཡི།
དེ་ལས་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་ཀྱི་ གཞན་དང་མ་འདྲ་བའི་ ལམ་སྲོལ་ཚུ་ཡང་ སྔར་བ་ལྷག་སྟེ་ མི་ཉམས་གོང་འཕེལ་ཐལཝ་ལས་ ལམ་ལུགས་སྲོལ་བཟངམོ་ཚུ་ གྲ་མ་ཉམས་གྲུ་མ་ཉམས་པར་ ང་བཅས་རའི་ རྒྱལ་ཁབ་རང་དབང་གི་ ངོ་རྟགས་སྦེ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ རང་བཞིན་གནས་སྟངས་ཡང་ རྒྱལཔོ་ཡབ་སྲས་རིམ་བྱོན་ཚུ་གི་ མཁྱེན་རྒྱ་ཆེ་བའི་ སྲིད་བྱུས་བཟངམོ་ཚུ་ལུ་བརྟེན་ཏེ་ ཉམས་ཆག་ག་ནི་ཡང་མེད་པར་ གནས་ཐོག་ལུ་ འཛམ་གླིང་ནང་ རྒྱལ་ཁབ་འདི་ སྔོ་ལྗང་དང་ལྡན་པའི་ རྒྱལ་ཁབ་དྲག་ཤོས་ཀྱི་ མིང་གཏམ་འཐོན་ཏེ་ཡོདཔ་མ་ཚད་ ལྷག་པར་དུ་ཡང་ འཛམ་གླིང་ནང་ བཙོག་རླུང་མེད་པའི་ རྒྱལ་ཁབ་སྦེ་ ཁྱད་དུ་འཕགས་པའི་ སྙན་གྲགས་དང་ མིང་གཏམ་འཐོན་ཏེ་ཡོད་ཟེར་ཞུ་ཡི།
རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཀ་ཆེན་ཚུ་གི་གྲས་ལས་ གལ་ཆེ་ཤོས་ར་ གཞུང་སྐྱོང་ལེགས་ལྡན་ཨིནམ་ད་ གཞུང་སྐྱོང་ལེགས་ལྡན་འདི་མེད་པ་ཅིན་ ཀ་ཆེན་གཞན་མི་ཚུ་ ག་དེམ་ཅིག་ར་ ཁག་ཆེ་རུང་ དོན་འགྲུབ་མི་ཚུགས་ནི་དང་ གཞུང་སྐྱོང་ལེགས་ལྡན་འདི་ཡང་ གཙོ་བོ་ར་ མི་དབང་ཡབ་སྲས་རྣམ་ ༢ ཀྱིས་ རྒྱལ་ཁབ་ཀྱི་ འཕྲལ་ཕུགས་ ༢ ཀྱི་ མཐའ་དོན་ཁོ་ན་ལུ་གཟིགས་ཏེ་ ང་བཅས་ མི་སེར་ཚུ་ལུ་ དམངས་གཙོའི་རིང་ལུགས་འདི་ གསོལ་ར་སྦེ་ གནང་ཡི་ཟེར་ཨིན་པས།
དམངས་གཙོ་རིང་ལུགས་འདི་ འགོ་བཙུགས་ཏེ་ ད་ཚུན་ བཙག་འཐུའི་རིམ་པ་ ཐེངས་ ༡༢ འགོ་འདྲེན་འཐབ་ཡོདཔ་ད་ དེ་ཡང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ཐེངས་ ༤ དང་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་ ༤ དེ་ལས་ ས་གནས་གཞུང་གི་ བཙག་འཐུ་ཐེངས་ ༤ འབདཝ་ད་ བཙག་འཐུ་ཐེངས་ ༡༢ འགོ་འདྲེན་འཐབ་པའི་གུ་ དུས་མིན་བཙག་འཐུ་ཡང་ ཚར་ལེ་ཤ་ཅིག་ར་ འགོ་འདྲེན་འཐབ་ཅི་ཟེར་ཞུ་ཡི།
རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་ ༤ འགོ་འདྲེན་འཐབ་མིའི་ནང་ གཞུང་སྐྱོང་ཚོགས་པ་ཚར་ ༤ སོར་ཡོདཔ་ད་ དེ་བཟུམ་སྦེ་ ལྡོག་ཕྱོགས་ཚོགས་པ་ཚར་ ༣ སོར་ཡོདཔ་བཞིན་དུ་ འཐུས་མི་ཚུ་ཡང་ གྱངས་ཁ་མ་ཆོདཔ་ཅིག་ སོར་ཡོད་མི་ཚུ་ག་ར་ བྱ་སྟབས་མ་བདེཝ་ ག་ནི་ཡང་ མ་ཐོན་པར་ སོར་ཚུགས་མི་འདི་ དམངས་གཙོའི་ལམ་ལུགས་ཀྱི་ གཞི་འགྱམ་ལེགས་ཤོམ་ཡོད་པའི་ རྟགས་མཚན་ངོ་མ་ཅིག་ཨིན་ཟེར་ཞུ་ཡི།
དེ་མ་ཚད་ ད་ཚུན་གྱི་བར་ན་ འགོ་འདྲེན་འཐབ་མི་ བཙག་འཐུའི་རིམ་པ་ཚུ་ཡང་ འགལ་རྐྱེན་བར་ཆད་ ག་ནི་ཡང་ མ་ཐོན་མི་འདི་ གཙོ་བོ་ར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐུ་བསོད་དབང་ཐང་ལུ་བརྟེན་ཏེ་ཨིན་པའི་གུ་ ང་བཅས་རའི་ འབྲུག་པའི་མི་སེར་ཚུ་གིས་ཡང་ དམངས་གཙོའི་ལམ་ལུགས་འདི་ འགན་ཁུར་སྦེ་ ཐུགས་ཁར་བསྣམས་ཏེ་ བཙག་འཐུའི་རིམ་པ་ཚུ་ནང་ ཐུགས་མ་འཚེར་བར་ བཅའ་མར་མ་བཏུབ་བཏུབ་སྦེ་ གཏོགས་གནངམ་ལས་ དམངས་གཙོའི་རིང་ལུགས་འདི་ ཚར་གཅིག་བ་ཚར་གཅིག་ རྩ་བརྟན་སྦེ་ཐལ་ཏེ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ རྩ་ཁྲིམས་ཅན་གྱི་གཙུག་སྡེ་ ཞི་གཡོག་ལྷན་ཚོགས་དང་། དྲང་ཁྲིམས་ལྷན་སྡེ། ངན་ལྷད་བཀག་སྡོམ་ལྷན་ཚོགས། རྒྱལ་གཞུང་རྩིས་ཞིབ་དབང་འཛིན། འབྲུག་གི་བཙག་འཐུ་ལྷན་ཚོགས་ཚུ་ཡང་ག་ར་ ཚར་གཅིག་བ་ཚར་གཅིག་ སྒྲིང་སྒྲིང་ཐལ་ཏེ་ཡོད་པའི་གུ་ དངུལ་འབྲེལ་ལྟེ་བ་ རྒྱལ་གཞུང་དངུལ་ལས་དབང་འཛིན་ཡང་ སྒྲིང་སྒྲིང་ཐལ་ཏེ་ཡོད་ཟེར་ཞུ་ཡི།
དེ་ལས་ མི་སེར་ལུ་ ཐག་ཉེ་ཤོས་ཀྱི་གཞུང་ ས་གནས་གཞུང་ཡང་ ཚར་གཅིག་བ་ཚར་གཅིག་ སྒྲིང་སྒྲིང་སྦེ་ཐལ་ཏེ་ མི་སེར་ལུ་ ཕན་སྦོམ་སྦེ་ར་ ཐོགས་ཏེ་ཡོདཔ་ད་ དེ་བཟུམ་སྦེ་ ཞི་བའི་མི་སྡེ་ལས་ཚོགས་དང་ བརྡ་བརྒྱུད་ཀྱི་ གཙུག་སྡེ་ཚུ་ཡང་ སྒྲིང་སྒྲིང་ཐལ་ཏེ་ཡོད་ཟེར་ཨིན་པས།
དེ་གི་ནང་ལས་ མི་དབང་རྒྱལ་ཡུམ་རྣམ་བཞི་གི་ སྐྱབས་འཛིན་གྱི་འོག་ལུ་ མི་སྡེའི་ཕན་བདེ་ལུ་མཁོ་བའི་ སྐྱིད་སྡུག་དང་ གྲོགས་རམ་གནང་ནིའི་དོན་ལས་ ཏཱ་ར་ཡ་ན་གཞི་ཚོོགས་དང་། ན་གཞོན་གོང་འཕེལ་མ་དངུལ། འབྲུག་ཨ་ཎེམོ་གཞི་ཚོགས། ཨམ་སྲུའི་ཆ་བཞག་དང་ ལྕོགས་གྲུབ་ཡར་སྐྱེད་ལས་སྡེ། དེ་ལས་ རྒྱལ་འཛིན་ཐག་རིག་སློབ་སྡེ་ཚུ་གི་ དབུ་འཁྲིད་གནང་མི་ལུ་ཡང་ མི་དབང་རྒྱལ་ཡུམ་རྣམ་བཞི་ལུ་ བཀའ་དྲིན་དགའ་ཚོར་ཡོད་ཟེར་ཞུ་ཡི།
ང་བཅས་རའི་ རྒྱལ་ཁབ་ཀྱི་ གནས་སྟངས་འདི་ ལོ་གཅིག་བ་ལོ་གཅིག་ གོམ་པ་མདུན་དུ་སྤོ་མི་འདི་ གཙོ་བོ་ར་ ང་བཅས་རའི་ རྒྱལཔོ་རིམ་བྱོན་ཚུ་གི་ དབུ་འཁྲིད་དང་ མཁྱེན་རྒྱ་བཟངམོ་ཚུ་ལུ་བརྟེན་ཏེ་ཨིནམ་ལས་ ང་བཅས་ག་ར་གིས་ རྒྱལཔོ་རིམ་བྱོན་ཚུ་དང་ ལྷག་པར་དུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ བཀའ་དྲིན་དགའ་ཚོར་ བསམ་སྟེ་ར་ཡོད་ཟེར་ཨིན་པས།
དེ་མ་ཚད་ ང་བཅས་ འབྲུག་པའི་མི་སེར་ག་ར་གིས་ རྒྱལ་བརྒྱུད་རིང་ལུགས་འདི་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་ནང་ བསྐལ་པ་མ་སྟོང་གི་བར་ན་ གནས་བཅུག་ཟེར་བའི་ སྨོན་འདེབས་ཕུལ་བའི་གུ་ ད་ལས་ཕར་ཡང་ དབང་ཕྱུག་བརྒྱུད་འཛིན་གྱི་ དབུ་འཁྲིད་ལུ་བརྟེན་ཏེ་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་འདི་ནང་ དགའ་སྐྱིད་ཀྱི་ ཉིམ་ཤར་ཏེ་ གོང་ལས་གོང་དུ་འཕེལ་བཅུག་ཟེར་བའི་ སྨོན་འདེབས་ཕུལ་དོ་ཟེར་ཞུ་ཡི།
ལེའུ་གཉིས་པ་ རྒྱལ་ཁབ་ཀྱི་དཀའ་ངལ།
ཆོས་ཟབ་སར་བདུད་ཟབ་ཟེར་ སླབ་དོ་བཟུམ་སྦེ་ ཕྱོགས་གཅིག་ལས་ རྒྱལ་ཁབ་ཀྱི་ གནས་སྟངས་ལེགས་ཤོམ་འགྱོཝ་ད་ དེ་དང་བསྟུན་པའི་ དཀའ་ངལ་ཡང་སྦོམ་སྦེ་ར་ འཐོན་ནི་གི་ཉེན་ཁ་ཡོད་མི་ཚུ་ ང་བཅས་ཀྱིས་ ངོས་ལེན་འབད་དེ་ གདོང་ལན་འབད་ནི་འདི་ གནམ་མེད་ས་མེད་ གལ་ཆེ་ཟེར་ཨིན་པས།
ད་རེས་ ང་བཅས་རའི་ རྒྱལ་ཁབ་ནང་ དཀའ་ངལ་སྦོམ་ཤོས་ར་ ང་བཅས་རའི་ འབྲུག་མི་ཚུ་ ཕྱི་རྒྱལ་ལས་ཕར་ ལཱ་གཡོག་འཚོལ་བར་ འགྱོ་མི་འདི་ཨིནམ་ལས་ གནས་ཚུལ་བཟུམ་ཅིག་སྦེ་ ཞུ་བ་ཅིན་ ད་ཚུན་གྱི་བར་ན་ འབྲུག་མི་ཡོངས་བསྡོམས་ སྟོང་ཕྲག་ ༦༤ དེ་ཅིག་ འགྱོ་མི་དེ་ ང་བཅས་རའི་ མི་རློབས་ཡོངས་བསྡོམས་ལས་ བརྒྱ་ཆ་ ༩ དེ་ཅིག་ཨིན་པས་ཟེར་ཞུ་ཡི།
མ་གཞི་ དེ་སྦེ་ འགྱོ་ནི་འདི་གིས་ ལཱ་གཡོག་ཐོབ་པའི་གུ་ རིག་རྩལ་གསརཔ་ཚུ་ལྷབ་སྟེ་ ཤེས་ཡོན་དང་ ཉམས་མྱོང་ཚུ་ ཐོབ་ཚུགསཔ་མ་ཚད་ ཏི་རུ་ཡང་ གསོག་འཇོག་འབད་དེ་ ཕམ་སྤུན་མཆེད་ཚུ་ལུ་ ཆ་རོགས་འབད་ཚུགསཔ་ཨིན་རུང་ ན་ལས་ཕར་ཡང་ འཕྲོ་མཐུད་དེ་ར་ འགྱོ་བ་ཅིན་ ཉེན་ཁ་དང་ བྱ་སྟབས་མ་བདེཝ་ཡང་ ལེ་ཤ་ཅིག་ར་ མཐོང་མས་ཟེར་ཨིན་པས།
དེ་ཡང་ ང་བཅས་རའི་ རྒྱལ་ཁབ་འདི་ ཆུང་ཀུ་ཅིག་ལས་མེད་པའི་ཁར་ མི་རློབས་ཡང་ གྱངས་ཁ་ཆོདཔ་ཅིག་ལས་ མེད་ནི་འདི་གིས་ ང་བཅས་རའི་ རྒྱལ་ཁབ་དང་ དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ མི་རློབས་འདི་ གནམ་མེད་ས་མེད་ གལ་ཆེ་ཟེར་ཨིནམ་ད་ མི་རློབས་ལངམ་སྦེ་ མེད་པ་ཅིན་ དཔལ་འབྱོར་གོང་འཕེལ་ཐལ་ནི་ཕར་བཞག་ ཐ་ན་ དཔལ་འབྱོར་གྱི་ གཞི་འགྱམ་ར་ བདག་འཛིན་འཐབ་མ་ཚུགས་པར་ དཔལ་འབྱོར་རམ་འགྱོ་ནི་གི་ ཉེན་ཁ་ཡོད་ཟེར་ཞུ་ཡི།
དེ་བཟུམ་སྦེ་ ཁྱད་རིག་ཅན་གྱི་ མི་ངོམ་ཚུ་ དགོངསམ་ཞུ་འགྱོཝ་ད་ དཔལ་འབྱོར་ལུ་ བྱེམ་སྦོམ་སྦེ་ར་ ཕོག་པའི་ཁར་ མི་དམངས་ལུ་ ཞབས་ཏོག་ཚུ་ འཇོན་ཐངས་ཅན་སྦེ་ ཕུལ་མ་ཚུགས་པའི་ དཀའ་ངལ་ཚུ་ཡང་སྦོམ་སྦེ་ར་ འཐོནམ་ཨིན་ཟེར་ཞུ་ཡི།
དེ་ཡང་ དཔྱེ་འབད་བ་ཅིན་ སློབ་དཔོན་ཚུ་ དགོངསམ་ཞུ་འགྱོཝ་ད་ ཤེས་རིག་གི་ སྤུས་ཚད་མེདཔ་ཐལ། དྲུང་འཚོ་དང་ སྨན་གཡོགམོ་ཚུ་ དགོངསམ་ཞུ་འགྱོཝ་ད་ གསོ་བའི་ཞབས་ཏོག་ མེདཔ་ཐལ། དེ་བཟུམ་སྦེ་ ཁྱད་རིག་ཅན་གྱི་མི་ངོམ་ འཕྲུལ་རིག་པ་དང་ བཟོ་རིག་པ་ དངུལ་འབྲེལ་དང་ ཁྲིམས་དོན་གྱི་ མཁས་མཆོག་ཚུ་ མ་པ་ལས་ར་ གངམ་མེད་པའི་གུ་ ཨ་ཙི་རེ་ཡོད་མི་ཚུ་ཡང་ དགོངསམ་ཞུ་འགྱོ་བ་ཅིན་ རྒྱལ་ཁབ་གོང་འཕེལ་འགྱོ་ནི་ཕར་བཞག་ ད་རེས་ཀྱི་ གནས་སྟངས་འདི་ཡང་ ཧེང་སྐལ་ར་ མེདཔ་ཐལ་ནི་གི་ ཉེན་ཁ་ཡོད་ཟེར་ཨིན་པས།
དེ་བཟུམ་མའི་ གནས་སྟངས་འདི ད་རེས་ ལེགས་བཅོས་འབད་མ་ཚུགས་པ་ཅིན་ མཐའ་མཇུག་ལུ་ ང་བཅས་རའི་ ན་གཞོན་ཚུ་གིས་ ཕྱི་རྒྱལ་ལས་ ང་བཅས་རའི་ རྒྱལ་ཁབ་ནང་ འཇམ་ཏོག་ཏོ་སྦེ་ ལོག་འོང་མི་བཏུབ་ནི་ཨིན་པའི་གུ་ བྱ་སྟབས་མ་བདེཝ་ཚུ་ དུས་ཡུན་རིངམོ་སྦེ་ར་ ལུས་སོ་པ་ཅིན་ མཐའ་མཇུག་ལུ་ ང་བཅས་རའི་ རྒྱལ་ཁབ་ར་ སྟོངམ་འཐོན་ནི་གི་ཉེན་ཁ་ཡོད་ཟེར་ཞུ་ཡི།
མ་གཞི་ ང་བཅས་རའི་ འབྲུག་མི་ཚུ་ རང་གི་རྒྱལ་ཁབ་ནང་ར་ སྡོད་ནི་ཡོདན་ དགའ་ནི་ཨིན་རུང་ ལཱ་ཁག་སྦེ་ ཕྱི་རྒྱལ་ལས་ཕར་ འགྱོ་མི་འདི་ རང་གི་རྒྱལ་ཁབ་ནང་ ལཱ་གཡོག་དང་འོང་འབབ་བཟོ་ནི་གི་ གོ་སྐབས་མ་ཐོབ་པའི་གུ་ དངུལ་ཕོགས་ཚུ་ཡང་ལངམ་སྦེ་ མེད་ནི་དེ་གིས་ཨིནམ་ད་ ང་བཅས་རའི་ ན་གཞོན་ཚུ་ལུ་ རྒྱལ་ཁབ་ནང་ར་ ལཱ་གཡོག་སྤྲོད་དགོ་པ་ཅིན་ དཔལ་འབྱོར་གྱི་ གནས་སྟངས་ལུ་ རག་ལས་འོང་ཟེར་ཨིན་པས།
ལེའུ་གསུམ་པ་ དཀའ་ངལ་སེལ་ཐབས།
གོང་གི་དཀའ་ངལ་ཚུ་ བསལ་ནིའི་དོན་ལས་ ང་བཅས་རའི་ དཔལ་འབྱོར་འདི་ར་ སྒྲིང་སྒྲིང་བཟོ་ནི་མ་གཏོགས་ ཐབས་ལམ་གཞན་ ག་ནི་ཡང་མེདཔ་ལས་ དཔལ་འབྱོར་གྱི་གནས་སྟངས་ ལེགས་བཅོས་འབད་དེ་ རྒྱ་སྐྱེད་གཏང་ནི་ཨིན་པའི་གུ་ ཐབས་ལམ་གཞན་ཡང་ ལེ་ཤ་ཅིག་ར་ཡོད་པའི་གྲས་ལས་ གལ་ཆེ་ཤོས་ར་ དགེ་ལེགས་ཕུག་ རང་སྐྱོང་ལུང་ཕྱོགས་འདི་ཨིན་ཟེར་ཞུ་ཡི།
དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཐུགས་ཀྱི་དགོངས་བཞེད་ ཉག་ཅིག་ཨིན་མི་ དཔལ་འབྱོར་གྱི་ལྟེ་བ་ དགེ་ལེགས་ཕུག་ རང་སྐྱོང་ལུང་ཕྱོགས་འདི་ མ་འོངས་པར་ རྒྱལ་ཁབ་དང་ མི་སེར་གྱི་ མཐའ་དོན་ཁོ་ན་ལུ་གཟིགས་ཏེ་ འཕྲལ་གྱི་བདེ་ཐབས་དང་ ཕུགས་ཀྱི་བཙན་ཐབས་ སྒྲིག་ཚུགས་པའི་ ལས་འགུལ་རྩ་ཆེ་ཏོག་ཏོ་ཅིག་ ང་བཅས་ མི་སེར་ག་ར་ལུ་ གསོལ་རས་སྦེ་ གནང་ནི་དེ་གིས་ཨིན་ཟེར་ཞུ་ཡི།
དེ་བཟུམ་སྦེ་ ང་བཅས་ཀྱིས་ཡང་ འཕྲལ་དང་འཕྲལ་ར་ ག་དེ་མགྱོགས་མགྱོགས་སྦེ་ ང་བཅས་རའི་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་སྟངས་འདི་ ལེགས་བཅོས་འབད་དེ་ རྒྱལ་ཁབ་ནང་ ལཱ་གཡོག་གི་ གོ་སྐབས་དང་ ཚོང་ལམ་གྱི་གོ་སྐབས་ ཏི་རུ་བཟོ་ནི་གི་ གནས་སྐབས་ཚུ་ གཏོན་ཞིནམ་ལས་ དཔལ་འབྱོར་སྒྲིང་སྒྲིང་ བཟོ་ནིའི་དོན་ལུ་ ཏི་རུ་ཐེར་འབུམ་ ༡༥ འབད་མི་ དཔལ་འབྱོར་ལྷན་ཐབས་ལས་རིམ་ གཞི་བཙུགས་འབད་དེ་ཡོད་ཟེར་ཨིན་པས།
ལས་རིམ་འདི་གི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་ ༡༥ རྒྱ་གར་གཞུང་གི་ཁ་ཐུག་ལས་ གནང་ནི་སྦེ་ ཐུགས་ཐག་བཅད་དེ་ཡོདཔ་ད་ དེ་ཡང་ དངུལ་ཁང་ཚུ་བརྒྱུད་དེ་ ཚོང་རྐྱབ་མི་དང་ ཚོང་ལཱ་འགོ་བཙུགས་མི། ན་གཞོན། སོ་ནམ་པ། ཁྱིམ་རྐྱབ་མི་ཚུ་ལུ་ སྐྱེད་ཆུང་སྐྱིན་འགྲུལ་ བྱིན་ནི་ཨིན་མི་དེ་གིས་ སྒེར་སྡེ་དང་ ཚོང་ལཱ་ལུ་ ཕན་ཐོགས་པའི་ཁར་ བཟོ་གྲྭ་ཆུང་བ་དང་། བལྟ་བཤལ། སོ་ནམ་དང་ སྒོ་ནོར། བཟོ་སྐྲུན། སྐྱེལ་འདྲེན། བརྡ་བརྒྱུད་དང་ གློག་བརྙན་ཚུ་ལུ་ ཕན་ཐོགས་ཏེ་ དཔལ་འབྱོར་ཡར་ལྷོང་ཚུགས་ཟེར་ཞུ་ཡི།
དཔལ་འབྱོར་ལྷན་ཐབས་ ལས་རིམ་འདི་གིས་ ང་བཅས་རའི་ དཔལ་འབྱོར་འདི་ དེ་འཕྲལ་ལས་ བཅོ་ཁ་རྐྱབ་ཚུགས་ནི་ཨིན་པའི་གུ་ ལོ་ལྔའི་འཆར་གཞི་ ༡༣ པའི་ དཔལ་འབྱོར་གྱི་ གནས་སྟངས་ཡང་ སྒྲིང་སྒྲིང་བཟོ་ཚུགས་ནི་ཨིན་མི་དེ་ཡང་ འཆར་གཞི་ ༡༣ པའི་ནང་ མ་དངུལ་ཡོངས་བསྡོམས་ ཐེར་འབུམ་ ༥༡༢ ཡོད་མིའི་ནང་ལས་ རྒྱུན་སྐྱོང་གི་མ་དངུལ་ ཐེར་འབུམ་ ༢༦༧ དང་ གསར་སྒྲུབ་ཀྱི་མ་དངུལ་ ཐེར་འབུམ་ ༢༤༥ བགོ་བཀྲམ་འབད་དེ་ཡོད་ཟེར་ཨིན་པས།
དེ་ཡང་ དང་པ་ གཞི་རྟེན་མཁོ་ཆས་ཀྱི་དོན་ལས་ མ་དངུལ་ཐེར་འབུམ་ ༦༨ བཞག་ཡོད་མི་དེ་ཡང་ རྒྱལ་ཡོངས་ཀྱི་ འཁོར་ལམ་རྒྱ་སྐྱེད་དང་ གསརཔ་བསལ་ནི། ཟམ་རྐྱབ་ནི། རྒེད་འོག་ལྟེ་བའི་ལམ་ཚུ་ ལོག་རྩི་ནག་གཏང་ནི། སློབ་གྲྭ་དང་ སྨན་ཁང་རྐྱབ་ནི། ཞིང་ཆུ་གཏོན་ནི་ཚུ་གི་དོན་ལུ་ཨིནམ་ལས་ མ་དངུལ་དེ་གིས་ དཔལ་འབྱོར་གོང་འཕེལ་ལུ་ ཕན་ཐོགས་ཚུགས་པའི་ཁར་ ལྷག་པར་དུ་ཡང་ ཁ་འབགཔ་ཚུ་ལུ་ ཕན་ཐོགས་སྦོམ་ཡོད་ཟེར་ཞུ་ཡི།
གཉིས་པ་ བརྡ་དོན་འཕྲུལ་རིག་གི་དོན་ལུ་ མ་དངུལ་ཐེར་འབུམ་ ༡༠ བཞག་ཡོད་མི་དེ་གིས་ བརྡ་དོན་འཕྲུལ་རིག་གི་ ཚོང་ལཱ་ཚུ་ལུ་ ཕན་ཐོགས་པའི་ཁར་ དཔལ་འབྱོར་གྱི་ གཞི་འགྱམ་སྒྲིང་སྒྲིང་ བཟོ་ནིའི་དོན་ལུ་ཡང་ ཕན་ཐོགས་ཡོད་ཟེར་ཨིན་པས།
གསུམ་པ་ ས་གནས་གཞུང་གི་དོན་ལུ་ མ་དངུལ་ཐེར་འབུམ་ ༧༢ བཞག་སྟེ་ཡོད་མི་དེ་གིས་ སྤྱི་འོག་གི་ལམ་དང་ ལྕགས་ཀྱི་དྲྭ་མིག་ར་བ། ཞིང་ཆུ་ཚུ་ རྒྱ་སྐྱེད་དང་ ལེགས་བཅོས་འབད་དེ་ གྲོང་གསེབ་ཀྱི་ འཚོ་བའི་གནས་སྟངས་ཚུ་ ཡར་དྲག་གཏང་ཚུགས་པའི་གུ་ སོ་ནམ་དང་ སྒོ་ནོར་གྱི་ འཐོན་སྐྱེད་ཚུ་ཡང་ རྒྱ་སྐྱེད་གཏང་ནི་ལུ་ ཕན་ཐོགས་ཚུགས་ཟེར་ཞུ་ཡི།
བཞི་པ་ མི་སྟོབས་གོང་འཕེལ་གྱི་དོན་ལུ་ མ་དངུལ་ཐེར་འབུམ་ ༦༠ བཞག་སྟེ་ཡོད་མི་དེ་གིས་ གསོ་བ་དང་། ཤེས་རིག། ལག་རྩལ་དང་ རིག་རྩལ་སྦྱོང་བརྡར་སྤེལ་ཁང་ཚུ་ རྒྱ་སྐྱེད་གཏང་ནི་ཨིན་པས།
དེ་མ་ཚད་ གློག་ཤུགས་དེ་ དཔལ་འབྱོར་གྱི་ གཞི་རྟེན་གཙོ་བོ་ཅིག་འབདཝ་ལས་ ལོ་ལྔའི་ནང་འཁོད་ལུ་ གློག་ཤུགས་ཧ་ལམ་སུམ་བལྟབ་སྦེ་ མེ་ག་ཝཱཊ་ ༥,༥༠༠ གུ་ རྒྱ་སྐྱེད་གཏང་ནིའི་དོན་ལུ་ མ་དངུལ་ཐེར་འབུམ་ ༥༢༧ འཆར་གཞིའི་ནང་ མ་བཙུགས་པར་ ལོགས་སུ་སྦེ་ བཞག་སྟེ་ཡོདཔ་ད་ དེ་བཟུམ་སྦེ་ དཔལ་འབྱོར་རྒྱ་སྐྱེད་ཀྱི་དོན་ལུ་ཡང་ མ་དངུལ་ཁག་ཆེཝ་ལས་ ཕྱིའི་མ་རྩ་གཞི་བཙུགས་འདི་ ཐེར་འབུམ་ ༥༠༠ གུ་ ཡར་སེང་འབད་ནི་གི་ ཐབས་ལམ་སྒྲིག་དོ་ཟེར་ཞུ་ཡི།
དེ་ལས་ བལྟ་བཤལ་ལུ་བརྟེན་ཏེ་ མི་སྡེའི་ནང་འཁོད་ལུ་ ཏི་རུ་གི་ཁེ་ཕན་ མཐའམ་ཐད་ཁ་ལས་ཕར་ཡོད་ནི་དེ་གིས་ བལྟ་བཤལ་གོང་འཕེལ་གྱི་དོན་ལུ་ དམིགས་བསལ་གྱི་ འཆར་གཞི་དང་ གཙོ་རིམ་སྒྲིག་སྟེ་ཡོད་ཟེར་ཨིན་པས།
དཔལ་འབྱོར་འདི་ ག་དེ་མགྱོགས་མགྱོགས་ རྒྱ་སྐྱེད་གཏང་ནིའི་དོན་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཡོངས་དུས་ཆེན་ ཐེངས་ ༡༡༢ པའི་ནང་ དུས་རབས་ ༢༡ པའི་ དཔལ་འབྱོར་གྱི་ མདུན་ལམ་ཅིག་ ཧིང་སངས་སང་སྦེ་ བཟོ་དགོ་པའི་ བཀའ་སློབ་གསེར་གྱི་ཐིག་པ་ གནང་མི་དང་འཁྲིལ་ཏེ་ གཞུང་གི་ཁ་ཐུག་ལས་ དཔལ་འབྱོར་གྱི་མདུན་ལམ་ཅིག་ ཧེ་མ་ལས་ བཟོ་སྟེ་ཡོད་མི་འདི་ ད་རེས་ ང་བཅས་ཀྱིས་ རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ མཁས་མཆོག་ཚུ་བཙུགས་ཏེ་ དཔལ་འབྱོར་གྱི་ མདུན་ལམ་འདི་ ཡོངས་སུ་རྫོགསཔ་སྦེ་ར་ ལེགས་བཅོས་འབད་དོ་ཟེར་ཞུ་ཡི།
དེ་ཡང་ བཅུད་བསྡུ་བ་ཅིན་ ང་བཅས་རའི་ རྒྱལ་ཁབ་འདི་ ཧེ་མ་ དུས་ནམ་ཡང་ བྱུང་མ་མྱོང་པའི་ ཉེན་ཁ་ཅན་གྱི་ དུས་ཚོད་ཅིག་གུ་ ལྷོད་དེ་ཡོདཔ་ལས་ རྒྱལ་ཁབ་ཀྱི་ དཀའ་ངལ་བསལ་ནི་དང་ ཉེན་ཁ་ལུ་ གདོང་ལན་འབད་ནིའི་དོན་ལས་ ཐབས་ལམ་གལ་ཆེ་ཤོས་འདི་ དགེ་ལེགས་ཕུག་ རང་སྐྱོང་ལུང་ཕྱོགས་འདི་ཨིནམ་ད་ དེ་བཟུམ་སྦེ་ དཔལ་འབྱོར་ལྷན་ཐབས་ལས་རིམ་དང་ འཆར་གཞི་ ༡༣ པ་གིས་ཡང་ དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
ལེའུ་བཞི་པ་ དུས་ཅི་ ལོ་ ༡ གི་ གཞུང་གི་འཆར་གཞི་དང་གཙོ་རིམ།
འཆར་གཞི་ ༡༣ པའི་ དམིགས་ཡུལ་འགྲུབ་དགོ་པ་ཅིན་ དུས་ཅི་ འཆར་གཞི་ ༡༣ པའི་ ལོ་ངོ་དང་པའི་ནང་ལས་ར་ འཆར་གཞི་དང་ གཙོ་རིམ་ སྲིད་བྱུས་དང་ ལས་རིམ་ཚུ་ག་ར་ ལེགས་ཤོམ་སྦེ་སྒྲིག་སྟེ་ ལཱ་འགོ་བཙུགས་ནི་འདི་ གནམ་མེད་ས་མེད་ གལ་ཆེ་ཟེར་ཞུ་ཡི།
དེ་ཡང་ དང་པར་དུ་ དུས་ཅི་ ལཱ་ཁག་ཆེ་ཤོས་འདི་ར་ དགེ་ལེགས་ཕུག་ རང་སྐྱོང་ལུང་ཕྱོགས་འདི་ཨིནམ་ད་ རྒྱལ་རབས་ཅན་གྱི་ ལས་འགུལ་འདི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་བཞེད་ལས་འཁྲུངས་པའི་ དགོངས་གཏེར་ཅིག་ཨིན་པའི་ཁར་ ལས་འགུལ་གྱི་ སྲིད་བྱུས་དང་ འཆར་གཞི་ ལས་རིམ་དང་ ཐབས་བྱུས་ཚུ་ཡང་ག་ར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ དབུ་འཁྲིད་མཛད་གནངམ་ལས་ མི་དབང་མངའ་ཞབས་མཆོག་ལུ་ སྙན་གསན་ཕབ་སྟེ་ ལས་འགུལ་གྱི་ ལས་བྱེདཔ་ཚུ་དང་ གྲོས་བསྟུན་ཐོག་ལས་ གཞུང་དང་ མི་སེར་གྱི་ཧོངས་ལས་ ཅི་ལྕོགས་གང་ལྕོགས་དང་ ལྷག་བསམ་རྣམ་དག་གི་སྒོ་ལས་ ཕྱག་ཞུ་འོང་ཟེར་ཨིན་པས།
གཞུང་གི་འཆར་གཞི་དང་ གཙོ་རིམ་གཞན་ཚུ།
དང་པ་ དཔལ་འབྱོར་ལྷན་ཐབས་ལས་རིམ་གྱིས་ སྒེར་སྡེ་གོང་འཕེལ་ལུ་ རྒྱབ་སྐྱོར་འབད་དེ་ ད་རེས་ སྐྱིན་འགྲུལ་བཀག་དམ་འབད་དེ་ཡོད་མི་འདི་ ཡངས་ཆག་གཏང་ནི་ཨིནམ་མ་ཚད་ ཚོང་ལམ་ལེགས་བཅོས་དང་ ཚོང་ལམ་རྒྱ་སྐྱེད་གཏང་ནི་ དེ་ལས་ ཚོང་ལཱ་གསརཔ་ འགོ་བཙུགས་ནི་ཚུ་གི་དོན་ལུ་ཡང་ སྐྱེད་ཆུང་སྐྱིན་འགྲུལ་གྱི་ རྒྱབ་སྐྱོར་འབད་ནི་ཨིན་མིའི་ནང་ལས་ སྒེར་སྡེ་སྒྲིང་སྒྲིང་ བཟོ་ནིའི་དོན་ལུ་དང་ ལྷག་པར་དུ་ ཚོང་ལཱ་འབདཝ་ད་ བྱ་སྟབས་བདེ་ཏོག་ཏོ་སྦེ་ བཟོ་ནིའི་དོན་ལུ་ ཚོང་འབྲེལ་གྱི་ སྲིད་བྱུས་དང་ ལམ་ལུགས་ སྒྲིག་གཞི་ཚུ་བདེ་སྒྲིག་འབད་ནི་དང་།
གཉིས་པ་ རྒྱལ་ཁབ་ཀྱི་ གཞི་རྟེན་མཁོ་ཆས་ ལེགས་བཅོས་འབད་ནིའི་དོན་ལུ་ རྒྱལ་ཡོངས་ཀྱི་ འཁོར་ལམ་ཁག་ ༡༡ རྒྱ་སྐྱེད་གཏང་ནི་དང་ འཁོར་ལམ་གསརཔ་ ༧ བསལ་ནི་ཨིན་པའི་གུ་ གཞི་རྟེན་མཁོ་ཆས་ཚུ་ དུས་ཚོད་ཁར་དང་ སྤུས་ཚད་དང་ལྡནམ་སྦེ་ རྐྱབ་ནིའི་དོན་ལུ་ གཞུང་གིས་ དམིགས་བསལ་ལྟ་རྟོག་སྡེ་ཚན་ཅིག་ ལོགས་སུ་སྦེ་ གཞི་བཙུགས་འབད་ནི།
གསུམ་པ་ བལྟ་བཤལ་གོང་འཕེལ་དང་ རྒྱ་སྐྱེད་གཏང་ནིའི་དོན་ལུ་ སྲིད་བྱུས་དང་ ལམ་ལུགས་ ཞབས་ཏོག་ཚུ་ ལེགས་བཅོས་འབད་ནི་གིས་མ་ཚད་པར་ བལྟ་བཤལ་གྱི་ ཚོང་ལམ་འཚོལ་ནིའི་ནང་ གཙོ་བོར་བཏོན་ནི།
བཞི་པ་ བརྡ་དོན་འཕྲུལ་རིག་ གོང་འཕེལ་གཏང་ནིའི་དོན་ལུ་ བརྡ་དོན་འཕྲུལ་རིག་གི་ ཚོང་ལཱ་ཚུ་ལུ་ ཚོང་འབྲེལ་གྱི་ གོ་སྐབས་བྱིན་ནི་ཨིནམ་མ་ཚད་ ཡོངས་འབྲེལ་གྱི་ རྒྱུན་ལམ་གསུམ་པ་འདི་ གཏན་འཁེལ་སྦེ་ འགོ་བཙུགས་ཏེ་ ཡོངས་འབྲེལ་གྱི་ གོང་ཚད་མར་ཕབ་ཀྱི་ ལཱ་འགོ་བཙུགས་ནི།
ལྔ་པ་ ཕྱིའི་མ་རྩ་གཞི་བཙུགས་ རྒྱ་སྐྱེད་གཏང་ནིའི་དོན་ལུ་ དཔལ་འབྱོར་གོང་འཕེལ་བཀོད་ཚོགས་ཀྱིས་ ཚོང་འབྲེལ་གྱི་གོ་སྐབས་ ངོས་འཛིན་འབད་ནི་ཨིན་པའི་གུ་ ཕྱིའི་མ་རྩ་གཞི་བཙུགས་ཀྱི་ སྲིད་བྱུས་ལེགས་བཅོས་དང་ ལྷག་པར་དུ་ཡང་ འབྲུག་མི་ཕྱི་ཁར་སྡོད་མི་ཚུ་ལུ་ མ་རྩ་གཞི་བཙུགས་ཀྱི་ དམིགས་བསལ་གྱི་ གོ་སྐབས་བཟོ་ནི།
དྲུག་པ་ རྒྱལ་ཁབ་ནང་ གློག་ཤུགས་རྒྱ་སྐྱེད་གཏང་ནིའི་དོན་ལུ་ སྤུ་ན་གཙང་ཆུ་ གློག་མེ་ལས་འགུལ་ ༢ པའི་ནང་ལས་ དུས་ཅི་ གློག་ཤུགས་གཏོན་ནི་ འགོ་བཙུགས་ནི་ཨིན་པའི་གུ་ སྤུ་ན་གཙང་ཆུ་ གློག་མེ་ལས་འགུལ་ ༡ པའི་ བཟོ་སྐྲུན་གྱི་ལཱ་ཚུ་ཡང་ དུས་ཅི་ལས་ ལོག་འགོ་བཙུགས་ནི་ཨིནམ་ད་ དེ་བཟུམ་སྦེ་ མཁོ་ལོང་ཆུ་དང་། སུ་ཆུ། བུར་གཱན་ཆུ། ཡུང་གི་ཆུ། འབྲུག་བྷིན་དུ་ ༡ པ། འབྲུག་བྷིན་དུ་ ༢ པ། སྒམ་རི་ ༡ པ། འབོད་སྒར་ནང་། ཇོ་མོ་རི་ཚུ་ འགོ་བཙུགས་ནི།
བདུན་པ་ དཔལ་འབྱོར་གྱི་ གཞི་འགྱམ་སྒྲིང་སྒྲིང་ བཙུགས་ཞིན་ན་ དཔལ་འབྱོར་ལེགས་ཤོམ་སྦེ་ རྒྱ་སྐྱེད་གཏང་ནིའི་དོན་ལུ་ དུས་རབས་ ༢༡ པའི་ དཔལ་འབྱོར་གྱི་ མདུན་ལམ་འདི་ བརྟན་ཏོག་ཏོ་སྦེ་ བཟོ་ནི་ཨིན་ཟེར་ཞུ་ཡི།
སོ་ནམ་དང་ སྒོ་ནོར་རྒྱ་སྐྱེད།
དང་པ་ དཔལ་འབྱོར་ལྷན་ཐབས་ ལས་རིམ་གྱི་ཐོག་ལས་ སོ་ནམ་པ་ཚུ་ལུ་ སོ་ནམ་དང་ སྒོ་ནོར་ལུ་ ཁག་ཆེ་བའི་ སྐྱེད་ཆུང་སྐྱིན་འགྲུལ་གྱི་ རྒྱབ་སྐྱོར་གནང་ནི་དང།
གཉིས་པ་ སྐྱེལ་འདྲེན་བྱ་སྟབས་བདེ་ཏོག་ཏོ་ བཟོ་ནིའི་དོན་ལུ་ དུས་ཅི་ རྒེད་འོག་ལྟེ་བའི་ འཁོར༌ལམ་ཁག་ ༢༠ ཉམས་བཅོས་འབད་དེ་ ལོག་རྩི་ནག་གཏང་ནི་ཨིན༌པའི༌གུ༌ སྤྱི་འོག་གི་ འཁོར༌ལམ་ཡོངས་བསྡོམས་ ༢༠༠ དེ་ཅིག་ཡང༌ ཉམས་བཅོས་དང་ ལེགས་བཅོས་འབད་ནི་གི་ དམིགས་གཏད་བསྐྱེདཔ༌ཨིན༌པས།
གསུམ་པ་ དུས་ཅི་ ལོ་ ༡ གི་ནང༌ ཞིང་ཆུའི༌ལས་འགུལ་ཡོངས་བསྡོམས་ ༥༦ འགོ་བཙུགས་ནི་ཨིནམ༌ད༌ དེ་གི༌ནང་ལས་ ༤༧ འདི་ ཞིང་ཆུ་གསརཔ་གཏོན་ནི་གི་ ལས་འགུལ་ཨིན་པས།
བཞི་པ་ དུས་ཅི་ སྤྱི་འོག་ཁག་ ༢༠༠ དེ་ཅིག་གི༌ནང་ ལྕགས་ཀྱི་དྲྭ་མིག་གི་ ར་བ་བསྒོར་ནི་གི་ དམིགས་གཏད་དང་ རེ་བ་བསྐྱེདཔ༌ཨིན༌པས།
ལྔ་པ་ འབྲུ་སྣ་དང་ ཤིང་འབྲས་ སྒོ་ནོར་གྱི་ འཐོན་སྐྱེད་ཚུ་ གཙོ་རིམ་སྒྲིག་ཐོག༌ལས༌ གོང་ཚད་ཚུ༌ཡང་ གཞུང་གིས་ ཁག་འགན་འབག་ནི་གི་ ལས་རིམ་དང་ སྲིད་བྱུས་གསརཔ་བརྩམ་ནི་ཨིན༌པས།
དྲུག་པ་ སོ་ནམ་པ་ཚུ་ལུ་ འཕྲུལ་གླང་ཉོ་ནིའི༌དོན༌ལས་ སྐྱེད་མ་ཕོག་པའི་ སྐྱིན་འགྲུལ་གྱི་ལམ་ལུགས་ གཞི་བཙུགས་འབད་ནི་དང་།
བདུན་པ་ ལོ་ཐོག་དང་ སྒོ་ནོར་གྱི་ རྒུད་འཐུས་དང་ ཉེན་བཅོལ་གྱི་ སྲིད་བྱུས་དང་ འཆར་གཞི་ཚུ་ཡང་ བརྩམ་ནི་ཨིན་ཟེར་ཞུ་ཡི།
མི་སྟོབས་གོང་འཕེལ།
མི་སྟོབས་གོང་འཕེལ་གྱི་དོན་ལུ་ དུས་ཅི་ ལོ་ ༡ གི་ གཙོ་རིམ་འདི་ཡང་ དང་པ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དུས་ཅི་ སྤྱི་ཟླ་ ༩ པའི་ཚེས་ ༥ ལུ་ རྒྱལ་རབས་ཅན་གྱི་ རྒྱལ་སྲུང་ལས་རིམ་ འགོ་བཙུགས་གནང་ནི་ཨིནམ༌ད༌ ག་ནི་བ་ གལ་ཆེ་བའི་ ལས་རིམ་འདི་གིས་ མ་འོངས་པར༌ ང་བཅས་རའི་ རྒྱལ་ཁབ་ལུ་ བསམ་གྱིས་མི་ཁྱབ་པའི༌ ཕན་ཐོགས་འབྱུང་ནི་དང་།
གཉིས་པ་ ཤེས་རིག་གི་ལམ་ལུགས་ ལེགས་བཅོས་འབད་ནིའི༌དོན༌ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཤེས་རིག་ལེགས་སྒྱུར་གྱི་ བཀའ་ཤོག་གནང་མི་དང་འཁྲིལ་ཏེ༌ སྙན་ཞུ་དང་ འཆར་གཞི་ དེ་ལས་ ཤེས་རིག་གི་ སྲིད་བྱུས་ཚུ་ གཏན་འཁེལ་སྦེ་ བཟོ༌ནི༌ཨིནམ༌མ་ཚད་ སློབ་གྲྭ་ཁག་ ༦༣ སློབ་གྲྭ་ལྟེ་བ་ལུ་ རྒྱ་སྐྱེད་གཏང་ནི་གི་ ལཱ་འགོ་བཙུགས་ནི་ཨིནམ༌ལས༌ དེ་གི་དོན་ལུ་ སློབ་གྲྭ་ལྟེ་བའི༌ སྲིད་བྱུས་དང་ ལམ་ལུགས་ སྒྲིག་གཞི་ཚུ༌ གསར་བརྩམ་འབད༌ནི།
གསུམ་པ་ གསོ་བའི་ཞབས་ཏོག་གི་ སྤུས་ཚད་ཡར་དྲག་གཏང་ནིའི་དོན་ལུ་ ཐིམ་ཕུ་དང་ མོང་སྒར་ལུ་ རྒྱལ་བཙུན་རྗེ་བཙུན་པདྨ་དབང་ཕྱུག་ ཨའི་དང་ ཨ་ལུའི་སྨན་ཁང་འདི་ འགོ་བཙུགས་ནི་ཨིན་པའི༌གུ་ ནད་གཞི་ཀེན་སར་གྱི་ དམིགས་བསལ་སྨན་ཁང་གི་ ལས་འགུལ་ཁ་གསལ་སྙན་ཞུ་ བཟོ་ནི་ཨིནམ༌མ་ཚད་ གསོ་བའི་བློ་གཏད་མ་དངུལ་ རྒྱ་སྐྱེད་གཏང་ནིའི་དོན་ལུ་ ཐབས་ཤེས་དང་ གནས་སྐབས་གསརཔ་གཏོན་ནི༌ལུ་ཡང་ བརྩོན་ཤུགས་བསྐྱེད་ནི།
བཞི་པ་ ང་བཅས་རའི༌ འབྲུག་པའི་ན་གཞོན་ཚུ་ལུ་ ཁག་ཆེ་བའི་ རིག་རྩལ་སྤྲོད་ནིའི་དོན་ལུ་ ལག་རྩལ་སྦྱོང་བརྡར་སྤེལ་ཁང་ག་ར་ རྒྱ་སྐྱེད་དང་ ཡར་དྲག་གཏང་ནི།
ལྔ་པ་ འབྲུག་ཨོ་ལིམ་པིག་ཚོགས་པ་དང་གཅིག་ཁར་ མཉམ་འབྲེལ་འབད་དེ་ རྒྱལ་ཡོངས་རྩེད་རིགས་ཀྱི་ འཆར་གཞི་བརྩམ་སྟེ་ ལག་ལེན་འཐབ་ནི་ འགོ་བཙུགས་ནི་ཨིན་པའི་གུ་ སློབ་གྲྭ་ཁག་གི་ནང་ རྩེད་རིགས་ལུ་ གཙོ་བོར་གཏོན་ནིའི་དོན་ལས་ མཐུན་རྐྱེན་དང་ རྒྱབ་སྐྱོར་ཚུ་བྱིན་ནི།
དྲུག་པ་ ང་བཅས་རའི་ ན་གཞོན་ཚུ་ ཕྱི་རྒྱལ་ལས་ཕར་ འཕྲོ་མཐུད་ཤེས་ཡོན་སྦྱང་པར་འགྱོཝ་ད་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ སྐྱེད་མེད་པའི་ སྐྱིན་འགྲུལ་བྱིན་ནི་གི་ སྲིད་བྱུས་དང་ འཆར་གཞི་བརྩམ་ནི།
བདུན་པ་ སྨྱོ་རྫས་མར་ཕབ་དང་ རྩ་མེད་གཏང་ནིའི་དོན་ལུ་ བྱ་སྟབས་མ་བདེཝ་ཚུ་ ངོས་ལེན་འབད་དེ་ བརྩོན་ཤུགས་སྦོམ་ བསྐྱེད་ཐོག་ལས་ གདོང་ལེན་འབད་ནི་ཨིན་པའི་གུ་ སྨྱོ་རྫས་སྤྱོད་མི་ ན་གཞོན་སློབ་ཕྲུག་ཚུ་གི་དོན་ལུ་ དམིགས་བསལ་གྱི་སློབ་གྲྭ་ འགོ་བཙུགས་ནི་ཨིནམ་མ་ཚད་ བསྐྱར་གསོ་དང་ སྨན་བཅོས་ཀྱི་དོན་ལུ་ཡང་ ལྟེ་བ་ཅིག་ ལོགས་སུ་སྦེ་ གཞི་བཙུགས་འབད་ནི་ཨིན་ཟེར་ཞུ་ཡི།
ཆོས་དང་ ལམ་སྲོལ།
ཆོས་དང་ ལམ་སྲོལ་གྱི་ཐེད་ཁར་ གཙོ་རིམ་ལེ་ཤ་ཅིག་ སྒྲིག་སྟེ་ཡོད་པའི་ནང་ལས་ དང་པ་ གསར་སྤང་རྫོང་དེ་ འཕྲོ་མཐུད་དེ་ར་ བཞེངས་ནི་ཨིན་པའི་གུ་ རྩ་ཆེ་བའི་ལྷ་ཁང་ དཔྱེ་འབད་བ་ཅིན་ རིགས་གསུམ་དགོན་པ་དང། གསང་སྔགས་ཆོས་འཁོར། དེ་བཟུམ་སྦེ་ ལྷ་ཁང་ཁག་ ༥ རྒྱ་སྐྱེད་དང་ ཉམས་གསོ་ཞུ་དོ་ཡོད་པའི་གུ་ བདེ་ཆེན་ཕོ་བྲང་ དགེ་འདུན་སློབ་གྲྭ་འདི་ གསར་བཞེངས་འབད་དེ་ དགེ་སློང་སློབ་ཕྲུག་ཚུ་གིས་ ཕྱག་དཔེ་དང་ སློབ་སྦྱོང་གནང་སའི་ མཐུན་རྐྱེན་དང་ གནས་སྟངས་ཚུ་ ལེགས་ཤོམ་བཟོ་ནི་དང་།
གཉིས་པ་ བརྡ་དོན་འཕྲུལ་རིག་ཐོག་ལས་ རྫོང་ཁ་གོང་འཕེལ་དང་ དར་ཁྱབ་གཏང་ནི་ལུ་ གཙོ་བོར་གཏོན་ནི།
གསུམ་པ་ རྒྱལ་གཞུང་ཟློས་གར་ལྟེ་བ་འདི་ རྒྱ་སྐྱེད་འབད་དེ་ སྤེལ་ཁང་འདི་གི་སྦྱོང་བརྡར་ ལོག་འགོ་བཙུགས་ནི་ཨིན་ཟེར་ཞུ་ཡི།
ཕྱི་འབྲེལ་གྱི་ སྲིད་བྱུས་དང་མཐུན་ལམ།
ཕྱི་འབྲེལ་གྱི་ སྲིད་བྱུས་དང་ མཐུན་ལམ་ བདག་འཛིན་འཐབ་ནིའི་དོན་ལས་ དང་པ་ར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ གུས་བཏུད་དང་ བརྩི་བཀུར་ཐོག་ལས་ བཀའ་དྲིན་དགའ་ཚོར་ ཕུལ་ཡོདཔ་ད་ དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ རྒྱལ་ཁབ་ཀྱི་ ཕྱག་ལཱ་བསམ་གྱིས་མི་ཁྱབ་པ་ཡོད་རུང་ ཕྱི་རྒྱལ་ལས་ཕར་ རྒྱལ་ཁམས་གཟིགས་སྐོར་ལུ་ བྱོན་ནི་འདི་གིས་ མཛའ་བཤེས་མཐུན་འབྲེལ་ཚུ་ དམ་ཟབ་སྦེ་ བཟོ་ཚུགས་ཏེ་ཡོདཔ་མ་ཚད་ རྒྱལ་སྤྱིའི་ནང་ལས་ བལྟ་བཤལཔ་ཚུ་ཡང་ ང་བཅས་རའི་ རྒྱལ་ཁབ་ནང་ ལྟ་སྐོར་འབད་བར་ འོང་ནི་ལུ་ ཕན་སྦོམ་སྦེ་ར་ ཐོགས་ཏེ་ཡོད་ཟེར་ཨིན་པས།
མི་དབང་མངའ་ཞབས་མཆོག་གིས་ ཁྱིམ་ཚང་རྒྱལ་ཁབ་ རྒྱ་གར་གྱི་བློན་ཆེན་ ཤྲཱི་ན་རན་ད་ར་ མོ་དི་ལུ་ གཟེངས་བསྟོད་ཀྱི་ རྟགས་མ་མཐོ་ཤོས་ མངའ་བདག་དཔལ་གྱི་འཁོར་ལོ་གནང་མི་འདི་གིས་ རྒྱ་གར་གྱི་ མི་སེར་ཚུ་ མི་དབང་མཆོག་གི་ མཛད་བྱ་ལུ་ ཡིད་ཆེས་དང་ བརྩི་མཐོང་སྦོམ་ བྱུང་པའི་ཁར་ སེམས་གནམ་མེད་ས་མེད་ དགའ་སྟེ་འདུག་ཟེར་ཨིནམ་ད་ མི་དབང་མཆོག་གི་ དབུ་ཁྲིད་དང་ མཁྱེན་རྒྱ་བཟང་པོའི་ མཛད་བྱ་ལུ་བརྟེན་ཏེ་ རྒྱ་འབྲུག་ ༢ ཀྱི་ མཛའ་བཤེས་མཐུན་འབྲེལ་འདི་ བསྐལཔ་མ་སྟོང་གི་བར་ན་ གནས་ཚུགསཔ་སྦེ་ བཟོ་གནང་མི་ལུ་ཡང་ བཀའ་དྲིན་དགའ་ཚོར་ཞུ་ཡི།
གཉིས་པ་ དུས་ཡུན་ཐུང་ཀུ་ཅིག་གི་ ནང་འཁོད་ལུ་ ང་ར་ རྒྱ་གར་རྒྱལ་ཁབ་ནང་ ལན་ཐེངས་ ༢ འགྱོ་ཚུགས་ནི་འདི་གིས་ རྒྱ་འབྲུག་ ༢ ཀྱི་ མཐུན་ལམ་དང་ འཆར་གཞི་གོང་འཕེལ་གྱི་ ལཱ་ལེ་ཤ་ཅིག་ འབད་ཚུགས་ཡོདཔ་མ་ཚད་ དེ་ཚེ་ཅིག་ཁར་ རྒྱ་གར་རྒྱལ་ཁབ་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ ང་བཅས་ འབྲུག་པའི་མི་སེར་ཡོངས་ཀྱི་ སྐུ་ཚབ་སྦེ་ བ་ར་ཏི་ཡ་ ཇ་ན་ཏ་ པར་ཊི་དང་ ཁོང་རའི་མཐུན་ཕྱོགས་ ནེ་ཤ་ནཱལ་ ཌེ་མོ་ཀེ་རེ་ཊིག་ ཨེ་ལི་ཡན་གྱིས་ རྒྱལ་ཁ་ཐོབ་མི་ལུ་ བཀྲ་ཤིས་ལེགས་སྨོན་ཕུལ་བར་ བྱོན་ཡི་ཟེར་ཨིན་པས།
དེ་གི་ནང་ལས་ཡང་ དམིགས་བསལ་གྱིས་ ཤྲཱི་ན་རེན་ད་ར་ མོ་དི་གིས་ འཕྲོ་མཐུད་དེ་ར་ རྒྱ་གར་གཞུང་གི་ བློན་ཆེན་གྱི་གོ་གནས་ ལན་ཐེངས་ ༣ བཞེས་མི་ལུ་ཡང་ ཡིད་ཆེས་དང་ ངལ་རངས་ཀྱི་སྒོ་ལས་ བཀྲ་ཤིས་བདེ་ལེགས་ ཕུལ་བར་བྱོན་ནུག།
དེ་ལས་ འདས་པའི་བདུན་ཕྲག་ནང་ མཐའ་ཡས་ལེན་གྱི་ བློན་ཆེན་གྱི་ མགྲོན་བརྡ་དང་འཁྲིལ་ཏེ་ མཐའ་ཡས་ལེན་ རྒྱལ་ཁབ་ནང་ གཞུང་འབྲེལ་བལྟ་སྐོར་ལུ་ སོང་ཡོདཔ་བཞིན་དུ་ མཐའ་ཡས་ལེན་གྱི་རྒྱལཔོ་དང་ རྒྱལ་བཙུན་རྣམ་ ༢ དང་ མཇལ་ཁ་ཞུ་ཡོདཔ་མ་ཚད་ བློན་ཆེན་དང། གཞུང་གི་འགོ་དཔོན། ཚོང་ལཱ་འཐབ་མི། བལྟ་བཤལ་ལས་སྡེ་ཚུ་དང་གཅིག་ཁར་ཡང་ ཕྱད་ཐོག་ལས་ ལཱ་འབད་ཚུགས་ཅི་ཟེར་ཞུ་ཡི།
དུས་ཅི་ ཉེ་འདབས་ཀྱི་ རྒྱལ་ཁབ་ཚུ་དང་ གྲོགས་རམ་འབད་མི་ རྒྱལ་ཁབ་ཚུ་ནང་སོང་སྟེ་ མཐུན་ལམ་ལེགས་ཤོམ་སྦེ་ བཞག་ནི་གི་ འཆར་གཞི་བརྩམ་སྟེ་ཡོདཔ་མ་ཚད་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞལ་འཛོམས་ནང་ཡང་ བཅའ་མར་གཏོགས་ཏེ་ རྒྱལ་ཁབ་ལུ་ ཕན་ཐོགས་ཆེ་བའི་ གོ་སྐབས་དང་ ལས་རིམ་ཚུ་ བཟོ་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
འཆར་གཞི་ ༡༣ པ་ གྲ་སྒྲིག་དང་ མི་དམངས་ཞབས་ཏོག་ལེགས་བཅོས།
འཆར་གཞི་ ༡༣ པ་ གྲ་སྒྲིག་དང་ མི་དམངས་ཞབས་ཏོག་ཚུ་ ལེགས་བཅོས་འབད་ནིའི་དོན་ལུ་ དང་པ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཞི་གཡོག་ལེགས་སྒྱུར་གྱི་ བཀའ་ཤོག་གནང་མི་དང་འཁྲིལ་ཏེ་ དུས་ཅི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ མཉམ་འབྲེལ་འབད་དེ་ ཞི་གཡོག་ལེགས་སྒྱུར་གྱི་ ཕྱག་ལཱ་ཚུ་ འཕྲོ་མཐུད་དེ་ གནང་ནི་དང།
གཉིས་པ་ མི་དམངས་ཀྱི་ ཞབས་ཏོག་ཚུ་ དུས་ཚོད་ཁར་ སྤུས་ཚད་དང་ལྡནམ་སྦེ་ ཕུལ་ནིའི་དོན་ལུ་ སྲིད་བྱུས་དང་ ལམ་ལུགས་ སྒྲིག་གཞི་ཚུ་ བཟོ་ཞིན་ན་ གཅིག་བསྡོམས་ཞབས་ཏོག་ལྟེ་བ་ཅིག་ བཟོ་ཞིནམ་ལས་ ཞབས་ཏོག་ཕུལ་ནི་ འགོ་བཙུགས་ནི།
གསུམ་པ་ ས་གནས་གཞུང་གི་ འཐུས་མི་ཚུ་དང་ ཞལ་འཛོམས་འཚོགས་ཏེ་ འཆར་གཞི་ ༡༣ པའི་སྐོར་ལས་ བསྟུན་གྲོས་འབད་ནི་ཨིན་པའི་གུ་ གོམས་འདྲིས་སྦྱོང་བརྡར་ཡང་ འཕྲལ་མགྱོགས་ར་ ཕུལ་ནི་ཨིན་ཟེར་ཞུ་ཡི།
དུས་ཅི་གི་ གཙོ་རིམ་ཁག་ཆེ་ཏོག་ཏོ་ཚུ་གི་གྲལ་ལས་ གོང་ལུ་མ་ཚུད་མི་ སྲིད་བྱུས་ཁག་ཆེ་ཏོག་ཏོ་ དག་པ་ཅིག་ཡང་ སྡོད་ཁྱིམ་མེད་མི་ཚུ་ལུ་ ཁྱིམ་གྱི་བདག་དབང་བྱིན་ནིའི་དོན་ལས་ སྐྱེན་ཆུང་སྐྱིན་འགྲུལ་གྱི་ སྲིད་བྱུས་དང་ འཆར་གཞི་བརྩམ་ནི་དང་། གྲོང་གསེབ་ཚེ་སྲོག་ཉེན་བཅོལ་ ཡར་སེང་གི་ སྲིད་བྱུས་དང་ འཆར་གཞི་བརྩམ་ནི། ཨ་ལུ་གསུམ་པ་སྐྱེས་མི་ ཨམ་སྲུ་ཚུ་ལུ་ ཨ་ལུའི་ཟླ་རིམ་འཐུས་ གནང་ནི་གི་ སྲིད་བྱུས་དང་ སྒྲིག་གཞི་ འཆར་གཞི་ཚུ་ བརྩམ་ནི་ཨིན་པས།
ལེའུ་ལྔ་པ་ དུས་ཅི་ལོ་ ༡ གི་ གཞུང་གི་ཁྲིམས་བཟོའི་འཆར་གཞི།
ད་རེས་ སྤྱི་ཚོགས་ ༤ པའི་ རྒྱལ་ཡོངས་ཚོགས་ཐེངས་ ༡ པའི་ནང་ དངུལ་འབྲེལ་དང་ ཏི་རུའི་དཔྱད་ཡིག་ དེ་ལས་ མཁའ་འགྲུལ་གན་ཡིག་ ༡ མ་གཏོགས་ ཁྲིམས་བཟོའི་དཔྱད་ཡིག་གཞན་ གཞུང་གི་ཁ་ཐུག་ལས་ མ་ཕུལ་ཟེར་ ཞུ་ཡོདཔ་ད་ ཨིན་རུང་ གནམ་དགུན་གྱི་ ཚོགས་ཞུགས་ནང་ ཁྲལ་གྱི་དཔྱད་ཡིག་ འཕྲི་སྣོན་གི་དོན་ལུ་ ཕུལ་ནི་གི་ འཆར་གཞི་ཡོད་མི་དེ་ཡང་ གཙོ་བོ་ར་ སྒེར་སྡེ་གོང་འཕེལ་དང་ དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ཨིན་ཟེར་ ཞུ་ཡོད་པའི་གནས་ཚུལ།

Please follow and like us: