བྱང་ཨེཊ་ལེན་ཊིག་ཚོགས་པའི་ འཐུས་མི་རྒྱལ་ཁབ་ཚུ་གིས་ མཁའ་དམག་གནམ་གྲུ་ཨེཕ་-༡༦ ཚུ་ ཡུ་ཀེ་རེན་ལུ་སྤོ་བཤུད།

ཨཱལ་ཇ་ཟི་ར།
སྤྱི་ཟླ་ ༧ པའི་ཚེས་ ༡༠ ལུ་ ཡུ་ཨེཛ་གི་ རྒྱལ་ཁམས་དྲུང་ཆེན་ ཨེན་ཊོ་ནི་ བི་ལིང་ཀེན་གྱིས་ ཝ་ཤིང་ཊཱོན་ཌི་སི་ལུ་ བྱང་ཨེཊ་ལེན་ཊིག་ཚོགས་པའི་ འཐུས་མི་རྒྱལ་ཁབ་ཁག་གི་ དབུ་ཁྲིད་ཚུ་གི་བར་ན་ ཞལ་འཛོམས་འཚོགས་པའི་སྐབས་ལུ་ ཡུ་ཨེཛ་ལུ་ བཟོ་བསྐྲུན་འབད་མི་ མཁའ་དམག་གནམ་གྲུ་ ཨེཕ་-༡༦ འབད་མི་ སྡེ་ཚན་ ༡ ཡུ་ཀེ་རེན་ལུ་ རྒྱབ་སྐྱོར་གྱི་དོན་ལས་ སྤོ་བཤུད་འབད་དོ་ཡོད་པའི་སྐོར་ལས་ གསལ་བཤད་འབད་ནུག།
དེ་ཡང་ ཡུ་ཀེ་རེན་གྱིས་ འཕྲོ་མཐུད་དེ་ར་ ར་ཤི་ཡའི་ གནོད་འཚུབ་ཚུ་ བཟློག་ཐབས་ལུ་ མཁའ་དམག་གནམ་གྲུ་དེ་ཚུ་ དུས་ཅི་ གནམ་བྱཱར་གྱི་ དུས་ཚོད་ཁར་ ཡུ་ཀེ་རེན་གྱི་ མཁའ་དབྱིངས་ལུ་ འཕུར་ཚུགས་ནི་ཨིན་པས།
ཡུ་ཨེཛ་གི་ རྒྱལ་ས་ལུ་འཚོགས་མི་ བྱང་ཨེཊ་ལེན་ཊིག་ཚོགས་པའི་ དབུ་ཁྲིད་ཞལ་འཛོམས་ནང་ ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ དྲག་ཐོག་ཧམ་འཛུལ་འབད་ཡོད་མིའི་སྐོར་ལས་ གྲོས་གཞིའི་གནད་དོན་ གཙོ་བོ་སྦེ་ བཀོད་དེ་ཡོདཔ་ད་ ཞལ་འཛོམས་དེ་ནང་ འཐུས་མི་རྒྱལ་ཁབ་ ༣༢ ཡོདཔ་ཨིན་པས།
ཡུ་ཀེ་རེན་གྱིས་ ནུབ་ཕྱོགས་རྒྱལ་ཁབ་ཚུ་ལས་ དེང་དུས་ཀྱི་ མཁའ་དམག་གནམ་གྲུ་ཚུ་གི་ གྲོགས་རམ་འཚོལཝ་འཚོལ་སར་ཡོདཔ་ལས་ ན་ཧིང་ སྤྱི་ཟླ་ ༨ པའི་ནང་ མཁའ་དམག་གནམ་གྲུ་ཚུ་ བྱིན་ནི་ཨིན་པའི་ བརྡ་སྟོན་འབད་ཡོད་རུང་ དེ་བསྒང་ དེ་བཟུམ་མའི་ གནམ་གྲུ་ཚུ་ ལག་ལེན་འཐབ་ནིའི་དོན་ལས་ ཡུ་ཀེ་རེན་གྱི་ དམག་མི་ཚུ་གིས་ སྦྱོང་བརྡར་དེ་ དུས་ཡུན་ག་དེམ་ཅིག་ འགོར་ནི་ཨིན་ན་ མ་ཤེས་པར་ ལུས་སོང་ནུག།
ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌོ་མིར་ ཟེ་ལེནཛ་ཀི་གིས་ཡང་ དབུ་ཁྲིད་ཞལ་འཛོམས་དེ་ནང་ གྲལ་གཏོགས་འབད་ཡོདཔ་ད་ དེ་བསྒང་ ཁོ་གིས་ ར་ཤི་ཡའི་ གནོད་འཚུབ་ཚུ་ བཀག་ཐབས་ལུ་ ཨ་མི་རི་ཀ་དང་ ཡུ་རོབ་མཐུན་འབྲེལ་རྒྱལ་ཁབ་ཚུ་གིས་ ཡུ་ཀེ་རེན་ལུ་ མ་དངུལ་དང་ དྲག་པོའི་གྲོགས་རམ་ཚུ་ ཁ་སྐོང་གནང་དགོ་པའི་ ནན་སྐུལ་འབད་ནུག།
སྲིད་འཛིན་ཟེ་ལེནཛ་ཀི་གིས་ ཡུ་ཨེཛ་དང་ ཌེན་མཱག་ ནེ་དར་ལེན་ རྒྱལ་ཁབ་ཚུ་ལུ་ མཁའ་དམག་བཙན་ཐབས་ལུ་ མཁའ་དམག་གནམ་གྲུ་ ཨེཕ་-༡༦ ཚུ་ གནང་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ཚུ་ བཤད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: