འབྲུག་རྒྱལ་ཁབ་དང་ མོང་གོ་ལི་ཡའི་ རྒྱལ་ཁབ་ ༢ ཀྱི་ མཉམ་འབྲེལ་གསལ་བསྒྲགས།

མོང་གོ་ལི་ཡའི་སྲིད་འཛིན་ ཁུ་རེལ་སུག་ ཨུག་ནཱ་གིས་ མགྲོན་བརྡ་ཕུལཝ་བཞིན་དུ་ སྤྱི་ཟླ་ ༧ པའི་ཚེས་ ༨ ལས་ ༡༥ ཚུན་ མི་དབང་མངའ་བདག་རིན་པོ་ མཆོག་གིས་ མོང་གོ་ལི་ཡ་ལུ་ གཞུང་འབྲེལ་གཟིགས་སྐོར་གནང་མི་དེ་ འགོ་དང་པ་ཨིནམ་ད་ དེ་བསྒང་ མི་དབང་མཆོག་གི་ ཕྱག་ཞུ་སྟེ་ མི་དབང་རྒྱལ་བཙུན་ རྗེ་བཙུན་པདྨ་དབང་ཕྱུག་མཆོག་དང་ མི་དབང་རྒྱལ་སྲས་འཇིགས་མེད་རྣམ་རྒྱལ་དབང་ཕྱུག་ མི་དབང་རྒྱལ་སྲས་ འཇིགས་མེད་ཨྱོན་དབང་ཕྱུག་ མི་དབང་རྒྱལ་སྲསམོ་ བསོད་ནམས་གཡང་སྒྲོན་དབང་ཕྱུག་ཚུ་ བྱོན་ཡོདཔ་མ་ཚད་ འབྲུག་གཞུང་གི་བློན་པོ་དང་ ཆེ་མཐོའི་འགོ་དཔོན་ཚུ་ཡང་བྱོན་ནུག།
དེ་བཟུམ་མའི་ རྒྱལ་རབས་ཅན་གྱི་ གཟིགས་སྐོར་སྐབས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མོང་གོ་ལི་ཡའི་སྲིད་འཛིན་ ཁུ་རེལ་སུག་དང་གཅིག་ཁར་ གཞུང་དོན་ཞལ་འཛོམས་ཅིག་ གནང་ཡོདཔ་མ་ཚད་ མི་དབང་སྐུ་འཁོར་ལྷན་རྒྱས་ཀྱིས་ མོང་གོ་ལི་ཡའི་ རྒྱལ་ཡོངས་ན་དཱན་དུས་སྟོན་གྱི་ འགོ་འབྱེན་རྟེན་འབྲེལ་དང་ ཚོགས་སྟོན་ཅིག་གི་ནང་ཡང་ སྐུ་མགྲོན་གཙོ་བོ་སྦེ་ དབུ་བཞུགས་མཛད་ཡོདཔ་ཨིན་པས།
གཟིགས་སྐོར་དེ་གི་རིང་ལུ་ དབུ་ཁྲིད་ ༢ ཀྱི་བར་ན་ དཔལ་འབྱོར་དང་ ཤེས་རིག་ ལམ་སྲོལ་ གསོ་བ་ ཚན་རིག་ སོ་ནམ་ སྒོ་ནོར་ རང་བཞིན་གནས་སྟངས་ དེ་ལས་ བལྟ་བཤལ་ཚུ་ནང་ ཟུང་འབྲེལ་གོང་འཕེལ་ གཏིང་ཟབ་བཟོ་ནི་དང་ མི་སེར་དང་ མི་སེར་གྱི་བར་ན་ བརྗེ་སོར་ཚུ་གིས་མ་དོ་བར་ ལུང་ཕྱོགས་དང་ རྒྱལ་སྤྱིའི་གནས་རིམ་ནང་ཡང་ བརྗེ་སོར་ཚུ་གི་སྐོར་ལས་ གསུང་གྲོས་ཚུ་གནང་ནུག།
མི་དབང་མཆོག་དང་ སྲིད་འཛིན་ཁུ་རེལ་སུག་གི་བར་ན་ མཐུན་ལམ་ཅན་གྱི་ མཉམ་འབྲེལ་གྱི་ གཞི་རྩ་ལུ་གཞི་བརྟེན་ཏེ་ རྒྱལ་ཁབ་ ༢ ཀྱི་ ཁེ་ཕན་དང་ འཐོན་ཁུངསཚུ་ མཐུན་སྒྲིག་གི་སྒོ་ལས་ དཔལ་འབྱོར་གྱིས་ཕྱུག་པའི་ མཐུན་འབྲེལ་གོང་འཕེལ་དང་ སྲིད་དོན་གྱི་ གསུང་གྲོས་རྒྱ་སྐྱེད་དང་ སྤྱི་ཚོགས་དང་ གཞུང་འབྲེལ་གྱི་ གནས་རིམ་ཡོངས་རྫོགས་ནང་ཡང་ ཆེ་མཐོའི་བརྗེ་སོར་ ཡར་སེང་མཛད་ནི་ལུ་ཡང་ ཞལ་འཆམ་བྱུང་ཡོདཔ་ཨིན་པས།
རྒྱལ་ཁབ་གཉིས་ཆ་རའི་ ཁ་ཐུག་ལས་ རྒྱལ་སྤྱིའི་ཞི་བདེ་དང་ ཉེན་སྲུང་གི་དོན་ལུ་ འཛམ་གླིང་སྤྱི་ཚོགས་ ཞི་བདེའི་བརྩོན་ཤུགས་ནང་ འབྲུག་དང་ མོང་གོ་ལི་ཡའི་ ཞི་བདེ་བཞག་མི་ཚུ་གིས་ ཞབས་ཏོག་ཞུ་མི་ལུ་ ཐུགས་ངལ་རངས་ཡོད་ལུགས་ཚུ་ གསུངས་གནང་ཡོདཔ་མ་ཚད་ འབྲུག་གི་ཁ་ཐུག་ལས་ རྒྱལ་སྤྱིའི་ཞི་བདེ་ལས་དོན་ ཁཱན་ཀོ་ཡིཛ་ཟེར་མིའི་ནང་ཡང་ འཕྲོ་མཐུད་དེ་ར་ གྲལ་གཏོགས་དང་ ཉམས་མྱོང་ཚུ་ བརྗེ་སོར་མཛད་ནི་ཨིན་པའི་ ཞལ་བཞེས་མཛད་གནང་ནུག།
དེ་ལས་ འབྲུག་དང་ མོང་གོ་ལི་ཡའི་ ཕྱི་འབྲེལ་ལྷན་ཁག་གི་བར་ན་ ཟུང་ཕྱོགས་དང་ མཐུན་ཕྱོགས་ཐོག་ལས་ གྲལ་གཏོགས་བཙན་ཐབས་ལུ་ ཕན་ཚུན་གྱི་མཐའ་དོན་དང་འབྲེལ་བའི་ གནད་དོན་ཚུ་གི་སྐོར་ལས་ གསུང་གྲོས་ཚུ་ འཕྲལ་འཕྲལ་སྦེ་ གནང་ནི་དང་ གཙོ་དོན་ཚུ་ གོང་འཕེལ་གཏང་ནི་ དེ་ལས་ དོན་གཅོདཔ་ན་གཞོན་ཚུ་གི་ ལྕོགས་གྲུབ་གོང་འཕེལ་གྱི་དོན་ལུ་ ལཱ་གཅིག་ཁར་འབད་དགོ་པའི་ གྲོས་དོན་ཡང་ བཀོད་གནང་ཡོདཔ་ཨིན་པས།
རྒྱལ་ཁབ་ ༢ ཀྱི་བར་ན་ གཙོ་དོན་གལ་གནད་ཆེ་ཤོས་ར་ བཟའ་ཆས་ཉེན་སྲུང་ ངེས་གཏན་བཟོ་ནི་དེ་ཨིནམ་ལས་ ཡུན་བརྟན་ཅན་གྱི་ སོ་ནམ་དང་ སོ་ནམ་འཛིན་སྐྱོང་གི་ མཁས་མཆོག་ཚུ་ བརྗེ་སོར་འབད་ནི་གི་ གོ་སྐབས་ཚུ་ འཚོལ་ཞིབ་འབད་ནི་དང་ གཙོ་དོན་དེ་དང་འབྲེལ་བའི་ དམིགས་བསལ་གྱི་ མཁས་མཆོག་ཚུ་ཡང་ བརྗེ་སོར་དང་ རྒྱ་སྐྱེད་གཏང་ནི་ལུ་ ཞལ་འཆམ་བྱུང་ནུག།
རྒྱལ་ཁབ་གཉིས་ཆ་རའི་ ཁ་ཐུག་ལས་ སོ་ནམ་ལས་སྡེ་དེ་ མཉམ་འབྲེལ་གྱི་ གནད་དོན་གཙོ་བོ་ཅིག་ཨིན་པའི་ ངོས་ལེན་ཐོག་ལུ་ ཁེ་ཕན་ཚུ་ ཕན་ཚུན་གྱི་ ཚོང་ལམ་ནང་ རྒྱབ་སྐྱོར་གྱི་དོན་ལས་ ལག་ལེན་འཐབ་ནི་ཨིནམ་མ་ཚད་ ལག་ལེན་དྲག་ཤོས་ཚུ་ཡང་ མཉམ་གཅིག་སྦེ་ སྤྱོད་ཐོག་ལས་ འོས་འབབ་དང་ལྡན་པའི་ གནས་སྟངས་གསར་བཏོད་དང་ སོ་ནམ་ཐོན་སྐྱེད་དང་ ཞབས་ཏོག་ཚུ་ ངོ་སྤྲོད་འབད་ནི་གི་ གོ་སྐབས་ཚུ་གི་སྐོར་ལས་དང་ སོ་ནམ་དང་འབྲེལ་བའི་ མཁས་མཆོག་བརྗེ་སོར་ཚུ་ཡང་ ཡར་སེང་་མཛད་གནང་ནི་གི་ གསུང་གྲོས་ཚུ་ཡང་ བྱུང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྒོ་ནོར་གྱི་ཐེད་ཁར་ ས་ཁ་མཐོ་སའི་སྒོ་ནོར་ གཡག་དང་ འབྱོག་པའི་རོ་ཁྱི་ ལུག་ལ་སོགས་པ་ཚུ་དང་འབྲེལ་བའི་ ལག་ལེན་དྲག་ཤོས་ཚུ་ བརྗེ་སོར་འབད་ནི་དང་ མཉམ་འབྲེལ་ཞིབ་འཚོལ་ཚུ་ ལག་ལེན་འཐབ་ནི་ལུ་ ཞལ་འཆམ་བྱུང་ཡོདཔ་མ་ཚད་ རྩ་འབྲོག་འཛིན་སྐྱོང་དང་ སྒོ་ནོར་སྐྱེ་རྒྱུན་ དེ་ལས་ སྒོ་ནོར་གྱི་རིགས་བརྒྱུད་ ལེགས་སྒྱུར་འབད་ནི་དང་ ས་ཁ་མཐོ་སའི་ སྒོ་ནོར་འཐོན་སྐྱེད་ ཤ་དང་ ཨོམ་ བལ་ལ་སོགས་པ་ཚུ་ཡང་ བཟོ་སྦྱོར་འབད་ནིའི་ནང་ མཉམ་འབྲེལ་འབད་ནི་གི་ ཁས་ལེན་ཡང་མཛད་ནུག།
འབྲུག་དང་ མོང་གོ་ལི་ཡའི་ རྒྱལ་ཁབ་གཉིས་ཆ་ར་ སྐོབས་ཚུད་ཅན་གྱི་ རྒྱལ་ཁབ་ཨིནམ་ལས་ རྒྱལ་སྤྱིའི་གནམ་གཤིས་འགྱུར་བགྲོད་ལུ་བརྟེན་པའི་ ཉེན་ཁ་རྒྱ་ཆེར་ཡོད་པ་ལུ་བརྟེན་ཏེ་ དབུ་ཁྲིད་ ༢ ཀྱིས་ གནམ་གཤིས་འགྱུར་བགྲོད་ བདེ་སྒྲིག་གི་དོན་ལུ་ འབྲེལ་ཡོད་ལས་སྡེ་ཚུ་ནང་ སླར་འབྱུང་ཅན་གྱི་ ཐབས་ལམ་ཚུ་ཡང་ གོང་འཕེལ་གཏང་ནི་ལུ་ ཞལ་འཆམ་བྱུང་ཡོདཔ་ཨིན་པས།
འབྲུག་གི་ཁ་ཐུག་ལས་ མོང་གོ་ལི་ཡའི་ སྲིད་འཛིན་གྱིས་ གསར་བཏོད་མཛད་མི་ ཤིང་ཐེར་འབུམ་གཅིག་ཟེར་མིའི་ ལས་དོན་ལུ་ ཐུགས་ངལ་རངས་ཡོད་ལུགས་ གསུངས་དོ་བཟུམ་སྦེ་ མོང་གོ་ལི་ཡའི་ ཁ་ཐུག་ལས་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་གི་སོ་ནམ་ཞིང་པ་ཚུ་གི་དོན་ལས་ གསར་བཏོད་མཛད་མི་ ཤིང་ཐོག་གི་ ལྕང་སོན་ས་ཡ་གཅིག་ འཛུགས་སྐྱོང་ཟེར་མིའི་ ལས་འགུལ་ལུ་ ལེགས་འབུལ་ཞུ་ཡོདཔ་ད་ ཕྱོསགཉིས་ཆ་ར་གིས་ གནད་དོན་དེ་ལུ་ ལག་ལེན་དྲག་ཤོས་ཚུ་ བརྗེ་སོར་འབད་ནི་དང་ ཤིང་རིགས་འཛུགས་སྐྱོང་དང་ ཡུན་བརྟན་ཅན་གྱི་ ནགས་ཚལ་གོང་འཕེལ་ཚུ་གི་ ལས་འགུལ་དང་ ལས་རིམ་ཚུ་ མཉམ་འབྲེལ་ཐོག་ལས ལག་ལེན་འཐབ་ནི་གི་ གོ་སྐབས་ཚུ་ཡང་ འཚོལ་ཞིབ་འབད་ནི་ལུ་ ཞལ་འཆམ་བྱུང་ནུག།
དེ་ལས་ རྒྱལ་ཁབ་ ༢ ཀྱི་བར་ན་ ཤེས་རིག་དང་ ལམ་སྲོལ་ཐོག་ལས་ མཉམ་འབྲེལ་རྒྱ་སྐྱེད་ཀྱི་ གོ་སྐབས་སྦོམ་ཡོད་པའི་ ངོས་ལེན་བྱུང་ཡོདཔ་ད་ འབྲུག་གི་ཁ་ཐུག་ལས་ མི་དབང་མངའ་ཞབས་མཆོག་དང་ འབྲུག་གཞུང་གི་ཧོངས་ལས་ མོང་གོ་ལི་ཡའི་ སློབ་ཕྲུག་ཚུ་ལུ་ སློབ་གཉེར་གྲོགས་རམ་ཚུ་ བྱིན་ནི་སྦེ་ གསལ་བསྒྲགས་གནང་ཡོདཔ་མ་ཚད་ དེ་བཟུམ་སྦེ་ མོང་གོ་ལི་ཡའི་ ཁ་ཐུག་ལས་ཡང་ འབྲུག་པའི་སློབ་ཕྲུག་ཚུ་ལུ་ སྲིད་འཛིན་དང་ མོང་གོ་ལི་ཡ་གཞུང་གིས་ སློབ་གཉེར་གྲོགས་རམ་ཚུ་ བྱིན་ནི་སྦེ་ཨིན་པས།
དབུ་ཁྲིད་ ༢ ཀྱིས་ རྒྱལ་རབས་དང་ རང་བཞིན་གནས་སྟངས་དང་འབྲེལ་བའི་ བལྟ་བཤལ་གོང་འཕེལ་ཐོག་ལས་དང་ འབྲུག་གཞུང་གི་ “འབྲུག་ལུ་ཡིད་ཆེས་”དང་ “གོ་མོང་གོ་ལི་ཡ་”ཟེར་བའི་ བསྐུལ་བསྒྲགས་སྒྲིག་བཀོད་ནང་ བལྟ་བཤལ་གྱི་ ཁེ་ཕན་དང་ འཐོན་ཁུངས་ཚུ་ གོང་འཕེལ་གཏང་སྟེ་ མི་སེར་བརྗེ་སོར་ཡར་སེང་དང་ མཉམ་འབྲེལ་གྱི་ གོ་སྐབས་འཚོལ་ཞིབ་ལུ་ སྲིད་བྱུས་ཀྱི་ རྒྱབ་སྐྱོར་ཚུ་གི་སྒོ་ལས་ མཉམ་འབྲེལ་བཙན་ཐབས་འབད་ནི་ལུ་ཡང་ ཞལ་འཆམ་བྱུང་ནུག།
འབྲུག་དང་ མོང་གོ་ལི་ཡ་གིས་ གནམ་གཤིས་འགྱུར་བགྲོད་ བདེ་སྒྲིག་དང་ རང་བཞིན་རྐྱེན་ངན་གྱི་ དཀའ་ངལ་བསལ་ཐབས་ དེ་ལས་ ཉེན་ཁ་མར་ཕབ་ཚུ་ནང་ མཉམ་འབྲེལ་འབད་ནི་ལུ་ ཞལ་འཆམ་བྱུང་མིའི་ཐེད་ཁར་ མོང་གོ་ལི་ཡའི་ ཁ་ཐུག་ལས་ སྤྱི་ལོ་ ༢༠༢༦ ལོར་ ཨུ་ལཱན་བ་ཏར་ལུ་ འཚོགས་ནི་ཨིན་མི་ འཛམ་གླིང་སྤྱི་ཚོགས་ཀྱི་ བྱང་ཐང་ལུ་འགྱུར་ནི་ བཀག་ཐབས་ཀྱི་ གྲོས་འཛོམས་དང་ རྩ་ཕན་ཚུ་གི་ ཞལ་འཛོམས་ཐེངས་ ༡༧ པའི་ནང་ འབྲུག་ལས་ ཆེ་མཐོའི་སྐུ་ཚབ་ཚུ་གིས་ གྲལ་གཏོགས་འབད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
རྒྱལ་ཁབ་གཉིས་ཆ་ར་གིས་ འཛམ་གླིང་སྤྱི་ཚོགས་དང་ རྒྱལ་སྤྱི་ལས་ཚོགས་གཞན་ཚུ་གི་ སྒྲིག་བཀོད་ནང་ ད་རེས་ཡོད་མི་ མཉ་འབྲེལ་དམ་ཟབ་དེ་ལུ་ ཆ་གནས་བསྐྱར་གསོ་འབད་བའི་ཁར་ སྐོབས་ཚུད་ཅན་གྱི་ རྒྱལ་ཁབ་ཚུ་ནང་ཡོད་མི་ ཚོང་འབྲེལ་གྱི་ མཐུན་རྐྱེན་དང་ དོ་ཆས་སྐྱེལ་འདྲེན་ དེ་ལས་ སྐྱེལ་འདྲེན་བརྒྱུད་ལམ་ཚུ་གི་ དཀའ་ངལ་ཚུ་ནང་ རྒྱལ་ཁབ་ཚུ་གིས་ གཅིག་སྒྲིལ་ཐོག་གི་ མཉམ་འབྲེལ་ལུ་ བརྩོན་ཤུགས་བསྐྱེད་དགོཔ་དེ་ གལ་ཆེ་ལུགས་དང་ དེ་བཟུམ་སྦེ་ སྐོབས་ཚུད་ཅན་གྱི་རྒྱལ་ཁབ་ གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ཚུ་གི་ ཨིན་ཊར་ནེ་ཤ་ནཱལ་ ཐིང་ཊེང་ཟེར་ རྒྱལ་སྤྱིའི་བསམ་འཆར་གྱི་ ལཱ་ཚུ་ལུ་ཡང་ ངལ་རངས་ཡོད་ལུགས་ཚུ་ བཤད་ཐོག་ལས་ འཕྲོ་མཐུད་དེ་ར་ མཉམ་འབྲེལ་གང་དྲག་འབད་ནི་གི་ ཁས་ལེན་མཛད་ནུག།
གཟིགས་སྐོར་སྐབས་ལུ་ གཤམ་འཁོད་ཟུང་ཕྱོགས་ཀྱི་ ཡིག་ཆ་ཚུ་ལུ་ མཚན་རྟགས་བཀོད་ཡོད་མི་ཚུ་ཡང་ འབྲུག་གཞུང་དང་ མོང་གོ་ལི་ཡའི་ གསོ་བའི་ལྷན་ཁག་གི་བར་ན་ ལམ་སྲོལ་ཅན་གྱི་ སྨན་རིགས་ནང་ མཉམ་འབྲེལ་མཐུན་རྐྱེན་གྱི་ གོ་དོན་ཆིངས་ཡིག་དང་། འབྲུག་གཞུང་གི་ སོ་ནམ་དང་ སྒོ་ནོར་ལྷན་ཁག་དང་ མོང་གོ་ལི་ཡའི་ བཟའ་ཆས་སོ་ནམ་དང་ བཟོ་གྲྭ་ཆུང་བའི་ ལྷན་ཁག་གི་བར་ན་ ས་ཁ་མཐོ་སའི་ སྒོ་ནོར་ཚུ་ རྩ་འབྲོག་གོང་འཕེལ་ནང་ ཁྱད་རིག་མཉམ་འབྲེལ་གྱི་ གོ་དོན་ཆིངས་ཡིག། འབྲུག་གཞུང་གི་ ཤེས་རིག་དང་ རིག་རྩས་གོང་འཕེལ་ལྷན་ཁག་དང་ མོང་གོ་ལི་ཡའི་ ཤེས་རིག་དང་ ཚན་རིག་ལྷན་ཁག་གི་བར་ན་ ཤེས་རིག་ནང་ མཉམ་འབྲེལ་གྱི་དོན་ལུ་ གོ་དོན་ཆིངས་ཡིག། འབྲུག་གཞུང་གི་ ནང་སྲིད་ལྷན་ཁག་དང་ མོང་གོ་ལི་ཡའི་ ལམ་སྲོལ་ལྷན་ཁག་གི་བར་ན་ ལམ་སྲོལ་དང་འབྲེལ་བའི་ མཉམ་འབྲེལ་གྱི་དོན་ལུ་ གོ་དོན་ཆིངས་ཡིག། འབྲུག་རྒྱང་བསྒྲགས་ལས་འཛིན་དང་ མོང་གོ་ལི་ཡའི་ རྒྱལ་ཡོངས་མི་མང་རྒྱང་འཕྲིན་དང་རྒྱང་བསྒྲགས་ཀྱི་བར་ན་ རྒྱང་བསྒྲགས་དང་ རྒྱང་འཕྲིན་གྱི་ མཉམ་འབྲེལ་དོན་ལུ་ གོ་དོན་ཆིངས་ཡིག་ཚུ་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ས་ འབྲུག་གི་འཐུས་མི་སྡེ་ཚན་ལུ་ མོང་གོ་ལི་ཡའི་སྲིད་འཛིན་ ཁུ་རེལ་སུག་དང་ མི་སེར་ཚུ་གིས་ མགྲོན་སྐྱོང་དང་ ཕེབས་བསུ་གང་ཟབ་མཛད་མི་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་ གསུངས་གནང་ཡོདཔ་མ་ཚད་ མོང་གོ་ལི་ཡའི་ སྲིད་འཛིན་མཆོག་ལུ་ ཁོ་རའི་བྱ་སྟབས་བདེ་སྡུག་དང་བསྟུན་ཏེ་ འབྲུག་རྒྱལ་ཁབ་ནང་ གཞུང་དོན་གཟིགས་སྐོར་ལུ་ འབྱོན་དགོ་པའི་ མགྲོན་བརྡ་ཡང་ མཛད་གནང་ཡོད་པའི་གནས་ཚུལ།

Please follow and like us: