མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་སྐུ་འཁོར་ལྷན་རྒྱས་ མང་གོ་ལི་ཡ་ལས་ ཐིམ་ཕུ་ལུ་ ལོག་ཕེབས་ཡོདཔ།

སྤྱི་ཟླ་ ༧ པའི་ཚེས་ ༡༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་ མོང་གོ་ལི་ཡའི་ རྒྱལ་ཁབ་ནང་ གཞུང་དོན་གཟིགས་སྐོར་གནང་སྟེ་ ཐིམ་ཕུ་ལུ་ ལོག་ཕེབས་གནང་ཡི།

མི་དབང་སྐུ་འཁོར་ལྷན་རྒྱས་ འབྲུག་ལུ་ ལོག་ཆིབས་བསྐྱོད་གནངམ་ད་ ཅིང་གིཛ་ཁཱན་ གནམ་གྲུའི་ཐང་ནང་ མོང་གོ་ལི་ཡའི་ ཕྱི་འབྲེལ་བློན་པོ་ ཨམ་བཱཌ་མུང་ བཱཊ་ཙེ་ཙེག་གིས་ ཞབས་སྐྱེལ་ཞུ་ཡོདཔ་མ་ཚད་ རྒྱལ་ཁམས་ཀྱི་ སྐུ་སྲུང་དམག་སྡེ་གིས་ མངའ་བདག་བསྟི་སྭ་ཡང་ཞུ་ནུག།

མི་དབང་སྐུ་འཁོར་ལྷན་རྒྱས་ཀྱིས་ དགུང་ཞག་ ༧ གྱི་རིང་ལུ་ གཞུང་དོན་གཟིགས་སྐོར་གནང་མི་དེ་ འབྲུག་ལས་ མོང་གོ་ལི་ཡ་ལུ་ མི་དབང་སྐུ་འཁོར་གྱི་གཟིགས་སྐོར་ཐེངས་དང་པ་ཨིནམ་ལས་ རྒྱལ་ཁབ་ ༢ ཀྱི་བར་ན་ དོན་གཅོད་ཀྱི་ མཐུན་ལམ་དེ་ འབྱུང་རབས་ཅན་ཅིག་ཨིན་པས།

མི་དབང་སྐུ་འཁོར་ལྷན་རྒྱས་ཀྱིས་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་གིས་ དབུ་གཙོས་པའི་ སྐུ་འཁོར་ལྷན་རྒྱས་ལུ་ ཁྱད་དུ་འཕགས་པའི་ ཕེབས་བསུ་དང་ སྐུ་མགྲོན་སྐྱོང་བཞག་ལུ་ མོང་གོ་ལི་ཡའི་ གཞུང་དང་ མི་སེར་ དེ་ལས་ དམིགས་བསལ་གྱིས་ སྲིད་འཛིན་ཁུ་རེལ་སུག་ ཨུག་ནཱ་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་ གསུངས་གནང་ནུག།

འབྲུག་དང་ མོང་གོ་ལི་ཡའི་ རྒྱལ་ཁབ་ ༢ ཀྱི་ ལམ་སྲོལ་དང་ ཆོས་ཕྱོགས་ མཐའ་དོན་ལ་སོགས་པ་ཚུ་ག་ར་ གཅིག་མཚུངས་ཀྱི་ ཁྱད་ཆོས་ལེ་ཤ་ར་ཡོདཔ་ལས་ འབྲེལ་བ་དམ་ཟབ་ཀྱི་ ལུང་བསྟན་དང་འཁྲིལ་ཏེ་ མཐར་འཁྱོལ་ཅན་གྱི་ གཟིགས་སྐོར་འདི་གིས་ ད་ལས་ཕར་ ཕན་ཚུན་ཁེ་ཕན་ཡོད་པའི་ གནད་དོན་སྣ་ཚོགས་ལུ་ མཉམ་འབྲེལ་རྒྱ་སྐྱེད་གཏང་ནི་ལུ་ ཕན་རླབས་ཁ་སྐོང་ བྱུང་ཡོད་པའི་གནས་ཚུལ།

Please follow and like us: