
སྤྱི་ཟླ་ ༧ པའི་ཚེས་ ༡༨ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀྲ་ཤིས་ཆོས་རྫོང་ནང་སྦེ་ སྤ་རོ་རྫོང་བདག་དང་ དྲང་དཔོན་ ༤ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར་གནང་ཡི།
དེ་ཡང་ སྤ་རོ་རྫོང་བདག་གསརཔ་ ནོར་བུ་དབང་ཕྱུག་དེ་ ཤེས་རིག་དང་ རིག་རྩལ་གོང་འཕེལ་ལྷན་ཁག་ནང་ ལས་མི་འཆར་གཞི་དང་ རིག་རྩལ་གོང་འཕེལ་ལས་ཁུངས་ཀྱི་ མདོ་ཆེན་སྦེ་ ཕྱག་ཞུ་ཡོདཔ་ད་ སྤྱི་ལོ་ ༢༠༠༠ ལུ་ ཞི་གཡོག་ནང་ འཛུལ་ཞུགས་འབད་བའི་ཤུལ་ལས་ དངུལ་རྩིས་ལྷན་ཁག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ ལཱ་གཡོག་དང་ མི་སྟོབས་ལྷན་ཁག་ དེ་ལས་ ཤེས་རིག་དང་ རིག་རྩལ་གོང་འཕེལ་ལྷན་ཁག་ཚུ་ནང་ ཕྱག་ཞུ་ཡོདཔ་ཨིན་པས།
དེ་ལས་ དྲང་དཔོན་གསརཔ་ཚུ་ཡང་ ཚེ་རྒྱབ་མི་ཕམ་བདེན་ལེན་དེ་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་གི་ དྲང་དཔོན་དང་ རྒྱལ་པོ་དེ་ པདྨ་དགའ་ཚལ་ རྫོང་ཁག་ཁྲིམས་འདུན་གྱི་དྲང་དཔོན། རི་ཅ་གུ་རུང་དེ་ དབང་འདུས་ཕོ་བྲང་ རྫོང་ཁག་ཁྲིམས་འདུན་གྱི་དྲང་དཔོན། དེ་ལས་ བསྟན་འཛིན་རྡོ་རྗེ ལྷུན་རྩེ་རྫོང་ཁག་ཁྲིམས་འདུན་གྱི་ དྲང་དཔོན་སྦེ་ བསྐོ་བཞག་གནང་ནུག།
ཚེ་རྒྱབ་མེ་ཕམ་བདེན་ལེན་གྱིས་ སྤྱི་ལོ་ ༢༠༢༡ ལས་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་ནང་ ཁྲིམས་དོན་རྩོད་ཚབ་སྦེ་ ཕྱག་ཞུ་ཡོདཔ་མ་ཚད་ སྤྱི་ལོ་ ༢༠༢༤ ལས་ འབྲུག་ཉེན་སྒྲོལ་སྡེ་ཚོགས་ཀྱི་ ཁྲིམས་དོན་གྲོས་དཔོན་སྦེ་ཡང་ ཕྱག་ཞུ་ཡོདཔ་ཨིན་པས།
རྒྱལ་པོ་གིས་ སྤྱི་ལོ་ ༢༠༡༡ ལས་ དྲང་ཁྲིམས་ལྷན་སྡེའི་ནང་ ཕྱག་ཞུ་ནི་ འགོ་བཙུགས་ཡོདཔ་ད་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༡༡ པ་ལས་ པདྨ་དགའ་ཚལ་ རྫོང་ཁག་ཁྲིམས་འདུན་གྱི་ དྲང་དཔོན་སྦེ་ ཕྱག་ཞུ་ནུག།
རི་ཅ་གུ་རུང་གིས་ སྤྱི་ལོ་ ༢༠༡༣ ལུ་ དྲང་ཁྲིམས་ལྷན་སྡེའི་ནང་ འཛུལ་ཞུགས་འབད་བའི་ཤུལ་ལས་ དབང་འདུས་ཕོ་བྲང་ རྫོང་ཁག་ཁྲིམས་འདུན་གྱི་ ཁྲིམས་ཁྲི་ ༢ པའི་ནང་ དྲང་དཔོན་ངོ་ཚབ་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ བསྟན་འཛིན་རྡོ་རྗེ་གིས་ཡང་ སྤྱི་ལོ་ ༢༠༡༣ ལུ་ དྲང་ཁྲིམས་ལྷན་སྡེའི་ནང་ འཛུལ་ཞུགས་འབད་ཡོདཔ་ད་ ཁོ་གིས་ ལྷུན་རྩེ་རྫོང་ཁག་ཁྲིམས་འདུན་གྱི་ དྲང་དཔོན་ངོ་ཚབ་སྦེ་ ཕྱག་ཞུ་ཡོད་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1392741
Views Today :
Total views : 5000
Who's Online :