
སྤྱི་ཟླ་ ༧ པའི་ཚེས་ ༡༩ ལུ་ རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་ ཝིག་རམ་རིཛ་རི་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐུ་མདུན་ལུ་ བཅར་བའི་ཤུལ་ལས་ མི་རྗེ་བློན་ཆེན་ དྲགོས་ཚེ་རིང་སྟོབས་རྒྱས་ཀྱི་ སྐུ་མདུན་ལུ་ བཅར་ཡོདཔ་མ་ཚད་ ཕྱི་འབྲེལ་དང་ ཕྱིར་ཚོང་བློན་པོ་དང་ ཕྱི་འབྲེལ་དྲུང་ཆེན་དང་ཡང་ ཕྱད་ཡོདཔ་ཨིན་པས།
རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་དེ་ མི་རྗེ་བློན་ཆེན་གྱི་ སྐུ་མདུན་ལུ་བཅརཝ་ད་ ཕན་ཚུན་མཉམ་འབྲེལ་གྱི་ གནད་དོན་ཚུ་གི་གྲས་ལས་ ཆུར་བརྟེན་གློག་མེ་དང་ སླར་འབྱུང་ནུས་ཤུགས་ འཆར་གཞི་ ༡༣ པ་དང་ དཔལ་འབྱོར་ལྷན་ཐབས་འཆར་གཞི་ དེ་ལས་ བལྟ་བཤལ་དང་ མཐུད་སྦྲེལ་ཚུ་གི་སྐོར་ལས་ གསུང་གྲོས་གནང་ནུག།
དེ་བསྒང་ མི་རྗེ་བློན་ཆེན་གྱིས་ རྒྱ་གར་གཞུང་དང་ མི་སེར་ཚུ་ལུ་ འབྲུག་གི་གོང་འཕེལ་གྱི་དོན་ལས་ རྒྱུན་ཆད་མེད་པའི་ རྒྱབ་སྐྱོར་གནང་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ཚུ་ གསུངས་ཡོདཔ་ད་ དེ་བཟུམ་སྦེ་ རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་གྱིས་ཡང་ འབྲུག་གི་མཐར་འཁྱོལ་དང་ ལོངས་སྤྱོད་ བདེ་སྐྱིད་ཚུ་གི་དོན་ལུ་ ཁོང་གི་ཧོངས་ལས་ ཡིད་ཆེས་བརྟན་པའི་ མཛའ་བཤེས་དང་ གོང་འཕེལ་མཉམ་རོགས་ཚུ་ འཕྲོ་མཐུད་འབད་འོང་ཟེར་ཨིན་པས།
དེ་ཚེ་ཕྱི་རོ་ མི་རྗེ་བློན་ཆེན་གྱིས་ ཁོ་རའི་གཟིམ་ཅུང་ནང་སྦེ་ རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་དང་ འཐུས་མི་སྡེ་ཚན་ལུ་ ཚོགས་སྟོན་ཅིག་ཡང་ འགོ་འདྲེན་འཐབ་ཡོདཔ་ད་ ད་རེས་ རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་གྱི་ གཟིགས་སྐོར་དེ་གིས་ རྒྱ་གར་གཞུང་གི་ཁ་ཐུག་ལས་ ཁྱིམ་མཚེས་རྒྱལ་ཁབ་ཀྱི་ སྲིད་བྱུས་ལུ་ གཙོ་རིམ་བཀོད་དོ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས།
ཝིག་རམ་རིཛ་རི་གིས་ སྤྱི་ཟླ་ ༧ པའི་ཚེས་ ༡༩ དང་ ༢༠ ལུ་ འབྲུག་རྒྱལ་ཁབ་ནང་ གཟིགས་སྐོར་གནང་མི་དེ་ རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་སྦེ་ བསྐོ་བཞག་འབད་བའི་ཤུལ་ལས་ ཕྱི་རྒྱལ་ལུ་ གཟིགས་སྐོར་གྱི་གྲས་ལས་ འགོ་དང་པ་ཨིན་པའི་གནས་ཚུལ།





Users Today : 4110
Users Yesterday : 3320
This Month : 94554
This Year : 390520
Total Users : 1102336
Views Today : 7014
Total views : 3078074
Who's Online : 27