ནེ་པཱལ་གྱི་རྒྱལ་ས་ ཀཐ་མཱན་ཌུ་ལུ་ གནམ་གྲུ་ཅིག་ལུ་ ཐུག་རྐྱེན་བྱུང་མིའི་ནང་ མི་གྲངས་ ༡༨ ལུ་ཤི་རྐྱེན།

སི་ཨེན་ཨེན།
སྤྱི་ཟླ་ ༧ པའི་ཚེས་ ༢༤ ལུ་ ནེ་པཱལ་གྱི་རྒྱལ་ས་ ཀཐ་མཱན་ཌུ་ལུ་ གནམ་གྲུ་ཆུང་ཀུ་ཅིག་ གནམ་ཐང་གི་ རྒྱུག་ལམ་ལས་ འགྱེལ་ཏ་རྐྱབ་སྟེ་ ཐུག་རྐྱེན་བྱུང་པའི་ རྐྱེན་ངན་ནང་ མི་གྲངས་ ༡༨ ལུ་ ཤི་རྐྱེན་བྱུང་ནུག།
དེ་ཡང་ ཏི་རི་བྷུ་ཝཱན་ རྒྱལ་སྤྱི་གནམ་ཐང་གི་མགྲིན་ཚབ་ གེ་ནེན་དར་བྷུལ་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ སཱའུ་རི་ཡ་གནད་གྲུ་དེ་ ས་གནས་ཀྱི་ དྲོ་པའི་ཆུ་ཚོད་ ༡༡ དེ་ཅིག་ཁར་ ཀཱཐ་མཱན་ཌུ་ལས་ པོ་ཁ་ར་ཁྲོམ་ཁར་ འཕུར་འགྲུལ་འབད་བའི་སྐབས་ལུ་ ཐུག་རྐྱེན་བྱུང་ཡི་ཟེར་ཨིན་པས།
དེ་བསྒང་ གནམ་གྲུ་དེ་ནང་ མི་གྲངས་བསྡོམས་ ༡༩ ཡོད་མིའི་གྲས་ལས་ གནམ་གྲུའི་དེད་དཔོན་རྐྱངམ་གཅིག་མ་གཏོགས་ ཡེ་མཱན་གྱི་ མི་ཁུངས་ ༡ བརྩིས་ཏེ་ གཞན་མི་ ༡༨ པོ་ག་ར་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ གནམ་གྲུའི་དེད་དཔོན་དེ་ སྨན་ཁང་ནང་བསྐྱལ་ནུག།
ཁྲིམས་སྲུང་འགག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གནམ་ཐང་ནང་ ཐུག་རྐྱེན་བྱུང་མི་ གནམ་གྲུ་གུ་ལས་ དུ་པ་སྦོམ་སྦེ་ ཐོན་ཡི་ཟེར་ཨིནམ་ད་ དེ་བཟུམ་མའི་ ཐུག་རྐྱེན་བྱུང་མ་ཐག་ཏུ་ ཉེན་སྐྱོབ་ཀྱི་ལཱ་ཚུ་ འགོ་བཙུགས་ཡོདཔ་ལས་ གནས་སྟངས་དེ་ ཚད་འཛིན་འབད་ཚུགས་ཅི་ཟེར་ མཁའ་འགྲུལ་དབང་འཛིན་གྱིས་ བཤདཔ་ཨིན་པས།
ནེ་པཱལ་གྱི་ ས་གནས་ཚུ་ནང་ གནམ་གྲུ་འཕུར་འགྲུལ་འབད་ནི་དེ་ ཉེན་ཁ་སྦོམ་སྦེ་ར་ཡོདཔ་ད་ དེ་ཡང་ འཛམ་གླིང་ནང་ གངས་རི་མཐོ་ཤོས་ ༡༤ ཡོད་མིའི་གྲས་ལས་ གངས་རི་ཨི་ཝེ་རེཛ་གིས་གཙོས་པའི་ གངས་རི་མཐོ་ཤོས་ ༨ ཧི་མ་ལ་ཡའི་ རྒྱལ་ཁབ་དེ་ནང་ཡོད་པའི་གུ་ སྣ་མང་རྒྱུ་རྐྱེན་ལེ་ཤ་ཅིག་དང་ གནམ་གཤིས་ཡང་ གློ་བུར་དུ་ འགྱུར་བཅོས་འགྱོ་ནི་དེ་གིས་ཨིན་ཟེར་ དབང་འཛིན་གྱིས་ གསལ་བཤད་འབད་ནུག།
ཞི་བའི་མཁའ་འགྲུལ་དབང་འཛིན་གྱི་ སྤྱི་ལོ་ ༢༠༡༩ ལོའི་ ཉེན་སྲུང་སྙན་ཞུའི་ནང་ སྡོད་ཁྲི་ ༡༩ འབད་མི་དང་ དེ་ལས་ཉུང་མི་ གནམ་གྲུ་ཚུ་ལུ་ རྐྱེན་ངན་འབྱུང་ནི་གི་ ཉེན་ཁ་སྦོམ་ཡོདཔ་སྦེ་ གསལ་སྟོན་འབད་དེ་འདུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: