ཕི་ལི་ཕིན་ལུ་ ས་སྣུམ་ལི་ཊར་ས་ཡ་ ༡.༥ འབག་མི་ གྲུ་ཆུང་ཅིག་ རྒྱ་མཚོའི་ནང་ མགོ་མཇུག་ལོག་ཡོདཔ།

བི་བི་སི།
ཕི་ལི་ཕིན་ལུ་ བཟོ་གྲྭའི་ས་སྣུམ་ ལི་ཊར་ས་ཡ་ ༡.༥ འབག་མི་ གྲུ་ཆུང་ཅིག་ རླུང་འཚུབ་དྲག་པོ་གིས་ མགོ་མཇུག་ལོག་སྟེ་ རྒྱ་མཚོའི་ནང་ ཐིམས་པའི་ཤུལ་ལས་ གྲུ་དེ་ནང་གི་ ལས་བྱེདཔ་ ༡༦ སྲོག་སྐྱབས་འབད་ཡོད་རུང་ ལས་བྱེདཔ་ ༡ གར་ཧོང་མེད་པར་ བྱང་སྟོར་ཤོར་ནུག་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
དེ་ཡང་ སྐྱེལ་འདྲེན་དྲུང་ཆེན་ ཇའི་མེ་ བཱའུ་ཊིཛ་ཊ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱ་མཚོའི་ནང་ ས་སྣུམ་ཐོན་འགྱོ་བའི་སྐོར་ལས་ ཤེས་རྟོགས་བྱུང་ཡོད་རུང་ རླུང་འཚུབ་དང་ རྦ་རླབས་མཐོ་དྲགས་ལུ་བརྟེན་ཏེ་ དབང་འཛིན་ཚུ་ལུ་ ལན་གསལ་ཕུལ་མ་ཚུགས་ཟེར་ཨིནམ་ད་ དེ་གི་ཧེ་མར་ ཏཱ་ཡེ་ཝཱན་ལུ་ རླུང་འཚུབ་དྲག་པོ་དེ་གིས་ མི་ ༣ ལུ་ ཤི་རྐྱེན་དང་ བརྒྱ་ཕྲག་ལས་བཅད་མི་ཚུ་ལུ་ རྨ་སྐྱོན་བྱུང་ནུག།
གྲུ་ཆུང་དེ་ ཕི་ལི་ཕིན་གྱི་ དབུས་ཕྱོགས་ཁྲོམ་སྡེ་ ཨི་ལོའི་ལོ་ཟེར་སར་ འགྲུལ་སྐྱོད་འབད་བའི་སྐབས་ལུ་ མགོ་མཇུག་ལོག་ཡོདཔ་ད་ གྲུ་དེ་ནང་ཡོད་མི་ ས་སྣུམ་ཚུ་ག་ར་ འཐོན་འགྱོ་བ་ཅིན་ ཕི་ལི་པིན་གྱི་ རྒྱལ་རབས་ནང་ ས་སྣུམ་ཐོན་འགྱོ་མི་སྦོམ་ཤོས་ཅིག་ འོང་ནི་མས་ཟེར་ཨིན་པས།
དེ་ལས་ ས་སྣུམ་འཐོན་འགྱོ་མི་དེ་གིས་ ཕི་ལི་པིན་གྱི་རྒྱལ་ས་ མ་ནི་ལ་ལུ་ གནོད་སྐྱོན་འབྱུང་ནི་ཨིན་པའི་ཁར་ དེ་སྦེ་ མཚོ་གྲུ་མགོ་མཇུག་ལོག་འགྱོ་ས་དེ་ཡང་ མ་ནི་ལའི་ མཚོ་ཁུག་ལུ་ཨིནམ་ལས་ གྲུ་གཟིངས་གཏང་སའི་ མཚོ་ལམ་བྲེལ་ཟིང་ཅན་གྱིས་གཙོས་པའི་ རྒྱ་མཚོའི་མཐའ་མར་ཡོད་མི་ ཚོང་འབྲེལ་ཁང་དང་ རྩེད་རིགས་ཁང་ ཉ་བཟུང་མི་ཚུ་ལུ་ཡང་ གནོད་སྐྱོན་བྱུང་ནུག།
ས་སྣུམ་དེ་གིས་ མཚོ་མཐའི་གཡུས་ཚན་ཚུ་ནང་ སྡོད་མི་ཚུ་ལུ་ མགོ་ནད་དང་ བཤལ་ནད་ཚུ་ འཐོབ་དོ་ཡོད་པའི་ཁར་ གནོད་སྐྱོན་བྱུང་མི་ པོ་ལ་གཡུས་ཚན་ནང་ གཙང་སྦྲ་འཕྲོད་བསྟེན་གྱི་ ལས་བྱེདཔ་ཚུ་ཡང་ ནདཔ་ཐོན་ཡོད་པའི་ སྙན་ཞུ་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: