
སྤྱི་ཟླ་ ༧ པའི་ཚེས་ ༢༢ ལས་ ༢༤ ཚུན་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ རྒྱ་གར་གྱི་མངའ་སྡེ་ གུ་ཇ་རཱཊ་ལུ་ གཟིགས་སྐོར་གནང་པར་ བྱོན་ཡོདཔ་ད་ དེ་བསྒང་ མི་རྗེ་བློན་ཆེན་ དྲག་ཤོས་ཚེ་རིང་སྟོབས་རྒྱས་ཡང་ ཕྱག་ཞུ་སྟེ་ བྱོན་ཡོདཔ་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དེ་སྦེ་ གཟིགས་སྐོར་ལུ་ ཕེབས་པའི་སྐབས་ གུ་ཇ་རཱཊ་གཞུང་དང་ མི་སེར་ཚུ་གིས་ བྱམས་བརྩེའི་སྒོ་ལས་ ཕེབས་བསུ་ཞུ་ཡོདཔ་ད་ མི་དབང་མཆོག་གིས་ མངའ་སྡེ་དེ་ནང་གི་ གཞི་རྟེན་མཁོ་ཆས་ལས་འགུལ་དང་ ས་ཁོངས་མ་འདྲཝ་ཚུ་ནང་ གཟིགས་ཞིབ་གནང་ནུག།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྤྱི་ཟླ་ ༧ པའི་ཚེས་ ༢༢ ལུ་ ཝ་ཌོ་དཱ་ར་ གནམ་ཐང་ནང་ ཕེབས་པའི་སྐབས་ལུ་ མངའ་སྡེའི་བློན་པོ་ ཤྲཱི་ཇག་དིཤ་ ཝིཤ་ཝ་ཀརྨ་གིས་ ཕེབས་བསུ་ཞུ་ཡོདཔ་ད་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་རྗེ་བློན་ཆེན་ ༢ གཅིག་མཐུན་གྱི་སྐུ་འདྲ་ལུ་ གཟིགས་སྐོར་གནང་པར་ཡང་ གདན་འདྲེན་ཞུ་ཡོདཔ་ཨིན་པས།
རྒྱ་གར་གྱི་ རྒྱལ་ཁབ་ཀྱི་ སྲིད་དོན་མཁས་མཆོག་ སར་དར་ ཝ་ལབ་བཱའི་ པཱ་ཊེལ་ལུ་ རྒྱ་གར་རང་དབང་ཅན་གྱི་ བཟོ་རིག་པ་སྦེ་ གུས་བཏུད་ཞུ་ནིའི་དོན་ལས་ བཟོ་བསྐྲུན་འབད་མི་ སྐུ་འདྲ་མི་ཊར་ ༡༨༢ འབད་མི་དེ་ འཛམ་གླིང་ནང་ མཐོ་ཤོས་ཅིག་ཨིན་མས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཉེ་འདབས་ལུ་ཡོད་མི་ སཱར་དར་ས་རོ་ཝར་ ཆུ་མཛོད་ཁང་ལུ་ཡང་ གཟིགས་ཞིབ་གནང་ཡོདཔ་ད་ ཆུ་མཛོད་ཁང་དེ་ཡང་ འཛམ་གླིང་ནང་ ཤོང་ཚད་དང་ བཟོ་བསྐྲུན་གྱི་ རྒྱུ་ཆས་དང་འབྲེལ་ཏེ་ འཐེན་ཤུགས་ཅན་གྱི་ ཆུ་མཛོད་ཁང་སྦོམ་ཤོས་ ༢ པ་ཨིན་པས།
དེ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཨ་ཧ་མ་ཌ་བཱད་ གནམ་ཐང་ནང་ ཕེབས་པའི་སྐབས་ལུ་ གུ་ཇ་རཱཊ་གི་ གཙོ་འཛིན་བློན་པོ་ ཤྲཱི་བྷུ་པེན་ཌར་ པ་ཊེལ་གྱིས་ ཕེབས་བསུ་ཞུ་ཐོག་ལས་ མངའ་སྡེའི་རྒྱལ་ས་ གཱན་དྷི་ན་གར་ལུ་ གདན་འདྲེན་ཞུ་ཡོདཔ་ད་ དེ་ཚེ་ཕྱི་རུ༌ གཙོ་འཛིན་བློན་པོ་གིས་ ཚོགས་སྟོན་ཅིག་ཡང་ འགོ་འདྲེན་འཐབ་ནུག།
སྤྱི་ཟླ་ ༧ པའི་ཚེས་ ༢༣ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཨ་ཌ་ནི་གི་རིན་ ཨེ་ནར་ཇི་གིས་ བཟོ་བསྐྲུན་འབད་བའི་བསྒང་ཡོད་མི་ གུ་ཇ་རཱཊ་མངའ་སྡེ་ ཁཝ་ཌ་ལུ་ གློག་ཤུགས་མེ་ག་ཝཊ་ ༣༠,༠༠༠ འབད་མི་ སླར་བྱུང་ནུས་ཤུགས་གླིང་གའི་ནང་ གཟིགས་ཞིབ་གནང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཨ་དཱ་ནི་ ཨེཛ་ཨི་ཟི་ལི་མི་ཊེཌ་གིས་ བདག་དབང་ཐོག་ལུ་ བཟོ་བསྐྲུན་འབད་མི་ དོས་ཆ་སྐྱེས་འདྲེན་གྱི་ གྲུ་ཆེན་བཞག་སའི་ མཚོ་འགྲམ་ས་ཁོངས་སྦོམ་ཤོས་དང་ ཚོང་འབྲེལ་གྱི་ གྲུ་ཆེན་བཞག་སའི་ མཚོ་འགྲམ་ས་ཁོངས་སྦོམ་ཤོས་ཨིན་མི་ མུན་ཌ་ར་པོར་ཊི་ལུ་ གཟིགས་ཞིབ་གནང་ཡོདཔ་མ་ཚད་ རྒྱ་གར་གྱི་ རྒྱལ་སྤྱི་དངུལ་འབྲེལ་ཞབས་ཏོག་ལྟེ་བ་ འགོ་དང་པ་ཨིན་མི་ གུ་ཇ་རཏ་ རྒྱལ་སྤྱི་དངུལ་འབྲེལ་ ཁྲོམ་སྡེའི་ནང་ཡང་ གཟིགས་བསྐོར་གནང་ནུག།
མི་དབང་མངའ་ཞབས་མཆོག་གིས་ གུ་ཇ་རཱཊ་གི་གཞུང་དང་ མི་སེར་ཚུ་གིས་ དགའ་སྤྲོ་སྦོམ་མའི་སྒོ་ལས་ འབྲུག་གི་འཐུས་མི་སྡེ་ཚན་ལུ་ བྱམས་བརྩེའི་སྒོ་ལས་ བསུ་བ་དང་ མགྲོན་སྐྱོང་གང་དྲག་འབད་མི་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་ གསུངས་གནང་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ རྒྱ་གར་ལུ་ ཆིབས་བསྐྱོད་གནང་མི་དེ་ཡང་ རྒྱ་གར་དང་ འབྲུག་རྒྱལ་ཁབ་ ༢ ཀྱི་བར་ན་ གཞི་རྟེན་མཁོ་ཆས་གོང་འཕེལ་དང་ འབྲེལ་ཡོད་ལས་སྡེ་ཚུ་ནང་ ཧེང་སྐལ་རང་ མཉམ་འབྲེལ་འཐབ་ནི་ཡོདཔ་ བཟོ་ཐབས་ལུ་ཨིནམ་མ་ཚད་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ལས་འགུལ་གྱི་དོན་ལས་ མཉམ་འབྲེལ་གྱི་ གོ་སྐབས་ཚུ་ཡང་ གཟིགས་ཐབས་ལུ་ཨིན་པའི་གནས་ཚུལ།







Users Today :
Users Yesterday :
This Month :
This Year :
Total Users : 1412978
Views Today :
Total views : 5000
Who's Online :