
ད་རེས་ འཕྲལ་ཁམས་ཅིག་ཁར་ དགེ་སློང་ ༢ ཀྱིས་ བཀྲིས་བརྩེགས་པ་ འཛོལ་ཏེ་སྐྱོར་བའི་ བརྙན་ཐུང་ཅིག་ ཡོངས་གྲགས་འགྱོ་མིའི་སྐོར་ལས་ གཞུང་གྲྭ་ཚང་གིས་འདྲི་དཔྱད་འབད་བའི་སྐབས་ལུ་ ལས་རིམ་དེ་ནང་ བླམ་ཅིག་ཞུ་སྟེ་ཡོད་རུང་ དུས་ཚོད་ཁར་ ལྷོད་མ་ཚུགསཔ་མ་ཚད་ ལས་རིམ་དེ་ སྒྲ་བཟུང་ཡང་མི་འབད་ཟེར་ སླབ་པ་ལུ་བརྟེན་ཏེ༌ ཁོང་ ༢ ཀྱིས་ གྲ་སྒྲིག་ག་ནི་ཡང་མེད་པར་ གློ་བུར་དུ་ ལས་རིམ་དེ༌ནང་ བཅའ་མར་གཏོགས་དགོཔ་ བྱུང་ཡོདཔ་སྦེ་ བཤད་ཡོདཔ་ཨིན་པས།
མ་གཞི་ ཁོང་ ༢ ཀྱིས་ ཧེ་མ་ལས་ དེ་བཟུམ་མའི་ ལས་རིམ་ནང་ གྲལ་བཏོགས་མ་འབད་བའི་ཁར་ འཁྲབ་སྟེགས་གུ་ལྷོདཔ་ད་ ཧེང་སྐལ་ར་ འདྲོག་བྱེལ་འཐབ་སྟེ་ འཐུས་ཤོར་བྱུང་ཡོདཔ་ལས་ བཟོད་གསོལ་བཞེས་དགོ་པའི་ གསོལ་འདེབས་ཞུཝ་མ་ཚད་ མཁན་པོ་ཉི་མ་གིས་ཡང་ གཞུང་གྲྭ་ཚང་ནང་ བཀྲིས་བརྩེགས་པ་དེ་ ཡོངས་གྲགས་སྦེ་ གནང་སྲོལ་མེད་པའི་སྐོར་ལས་ བརྙན་ཐུང་ཅིག་ནང་ གསལ་བཤད་གནང་ནུག་ཟེར་ གཞུང་གྲྭ་ཚང་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་བཀོད་ནུག།
དེ་འབདཝ་ད་ ཁོང་ ༢ ཀྱིས་ འཐུས་ཤོར་བྱུང་མི་ལུ་ ཉེས་ཁྲིམས་ཚུ་ གཞུང་གྲྭ་ཚང་གི་ ལམ་ལུགས་ལྟར་དུ་ ངོས་ལེན་གནང་ཡོདཔ་ལས་ ཁོང་ ༢ ཀྱི་ སེམས་ཁམས་ལུ་ གནོད་ཉེན་འབྱུང་ནི་གི་ ཉེན་ཁ་ཡོདཔ་མ་ཚད་ མི་སྡེའི་ནང་ཡང་ ཆགས་སྡང་ལུ་བརྟེན་པའི་ བྱ་སྟབས་མ་བདེཝ་ཚུ་ འབྱུང་ནི་གི་ ཉེན་ཁ་སྦོམ་ཡོདཔ་ལས་ མི་དམངས་ཡོངས་ཀྱིས་ བརྙན་ཐུང་དེ་དང་འབྲེལ་ཏེ་ ཆོས་སྡེའི་མཚན་བཙུགས་ཐོག་ལས་ ཆགས་སྡང་གི་ ལོ་རྒྱུས་ཚུ་ ཁྱབ་སྤེལ་འབད་ནི་ལས་ གང་དྲག་འཛེམ་གནང་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་འདུག་པའི་གནས་ཚུལ།







Users Today : 1221
Users Yesterday : 6933
This Month : 65590
This Year : 294431
Total Users : 1006247
Views Today : 9389
Total views : 2925806
Who's Online : 5