ཡུ་ཨེཛ་གི་ སྲིད་འཛིན་གདམ་འཐུའི་ བྱ་སྒོ་ཚུ་ མཇུག་བསྡུ་རནམ་ལས་ ཀ་མ་ལ་ཧ་རིཛ་གི་ རྒྱབ་སྐྱོར་སྡེ་ཚན་གྱིས་ སྲིད་འཛིན་འོག་མའི་དོན་ལུ་ མི་ངོམ་ ༦ དང་ཕྱད་ཡོདཔ།

སི་ཨེན་ཨེན།
ཡུ་ཨེཛ་གི་སྲིད་འཛིན་ ཇཱོ་བ་ཡེ་ཌེན་གྱིས་ ཤུལ་མའི་སྲིད་འཛིན་བཙག་འཐུའི་ནང་ དོ་འགྲན་མི་འབད་ནི་སྦེ་ ཐུགས་ཐག་བཅད་པའི་ཤུལ་ལུ་ ཌེ་མོ་ཀེ་རི་ཊིག་ སྲིད་དོན་ཚོགས་པའི་ནང་ལས་ སྲིད་འཛིན་གྱི་ འདེམས་ངོའི་ཁྱད་ཚད་གྲུབ་མི་ ད་རེས་ཀྱི་ སྲིད་འཛིན་འོགམ་ ཨམ་ཀ་མ་ལ་ ཧ་རིཛ་མ་གཏོགས་ གཞན་མེདཔ་ཨིན་པས།
དེ་འབདཝ་ལས་ ཌེ་མོ་ཀེ་རི་ཊིག་ རྒྱལ་ཡོངས་ཚོགས་ཆུང་གི་ནང་ལས་ འཐུས་མི་བརྒྱ་ཆ་ ༩༩ གིས་ ཨམ་ཀ་མ་ལ་ ཧ་རིཛ་དེ་ སྲིད་འཛིན་གྱི་ འདེམས་ངོ་སྦེ་ གདམ་འཐུའི་ཡིག་ཆ་གུ་ མིང་རྟགས་ཚུ་བཀོད་ནུག།
སྲིད་འཛིན་གདམ་འཐུའི་ བྱ་སྒོ་ཚུ་ཡང་ ད་རེས་ མཇུག་བསྡུ་རན་ཁམས་ལུ་ ལྷོད་དེ་ཡོདཔ་ལས་ སྲིད་འཛིན་འོགམ་ ཨམ་ཀ་མ་ལ་ ཧ་རིཛ་ལུ་ རྒྱབ་སྐྱོར་འབད་མི་ཚུ་གིས་ ཤུལ་མའི་སྲིད་འཛིན་འོག་མའི་དོན་ལས་ དོ་འགྲན་འབད་མི་དང་ འོས་འབབ་ཡོད་མི་ མི་ངོམ་ ༦ དང་ ཕྱད་ཡོདཔ་ཨིན་པས།
སྲིད་འཛིན་འོག་མའི་དོན་ལུ་ དོ་འགྲན་འབད་མི་ཚུ་ཡང་ མི་ནེ་སོ་ཏའི་སྤྱི་འཛིན་ ཊིམ་ཝཱལཛི་དང་ པེན་སིལ་ཝེ་ནི་ཡའི་སྤྱི་འཛིན་ ཇོཤ་ཤ་པི་རོ། ཨི་ལི་ནོའི་གི་སྤྱི་འཛིན་ ཇེ་བི་པི་རིཛ་ཀར། ཀེན་ཊ་ཀིའི་སྤྱི་འཛིན་ ཨེན་ཌི་བེ་ཤི་ཡར། ཨ་རི་ཟོ་ནའི་ སྤྱི་ཚོགས་འཐུས་མི་ མཱག་ཀེ་ལི། དེ་ལས་ སྐྱེལ་འདྲེན་དྲུང་ཆེན་ པཱིཊ་བུ་ཊི་ཇིག་ཚུ་ཨིན་པས།
སྲིད་འཛིན་འོག་མའི་དོན་ལུ་ དོ་འགྲན་འབད་མི་ཚུ་གི་ སྐྱེས་ལོ་ཚུ་ཡང་ སྐྱེས་ལོ་ ༥༨ འབད་མི་ཚུ་ཨིནམ་ལས་ ཀ་མ་ལ་ ཧ་རིཛ་དང་ ཧ་ལམ་འདྲ་མཉམ་འབད་མི་དང་ ལ་ལོ་ཆུང་ཀུ་ཨིནམ་ད་ ཁོང་ཆ་ཁྱབ་ཀྱིས་ སྲིད་འཛིན་ཇཱོ་བ་ཡེ་ཌེན་གྱིས་ སྲིད་འཛིན་གྱི་དོན་ལུ་ དོ་འགྲན་མི་འབད་ཟེར་ ཐུགས་ཐག་བཅད་པའི་ཤུལ་ལས་ བརྡ་བརྒྱུད་ཐོག་ལས་དང་ ངོ་མ་སྦེ་ བསྐུལ་བསྒྲགས་འབད་ནི་ཚུ་ཡང་ འགོ་བཙུགས་ནུག།
དེ་ཡང་ ཤ་པི་རོ་གིས་ སྤྱི་ཟླ་ ༧ པའི་ཚེས་ ༣༡ ལུ་ ཀ་མ་ལ་ཧ་རིཛ་གི་ རྒྱབ་སྐྱོར་སྡེ་ཚན་དང་ ཕྱད་ཡོད་རུང་ དེ་བསྒང་ སྲིད་འཛིན་འོགམ་ ཧ་རིཛ་གིས་ སྡེ་ཚན་དེ་ནང་ གྲལ་གཏོགས་མ་འབདཝ་ཨིན་པས།
དེ་བཟུམ་སྦེ་ མཱག་ཀེ་ལིའི་ ཁ་ཐུག་ལས་ སྡེ་ཚན་དེ་དང་གཅིག་ཁར་ སྤྱི་ཟླ་ ༧ པའི་ཚེས་ ༣༠ ལུ་ ཕྱད་ཡོདཔ་ད་ པེན་སིལ་ཝེ་ནི་ཡ་དང་ ཨ་རི་ཟོ་ན་ མངའ་སྡེ་ ༢ མངའ་སྡེ་ཡོངས་རྫོགས་ཀྱི་ མཐར་ཐུག་བཙག་འཐུའི་ ངོ་ཚབ་ཚོགས་པ་ཨིནམ་ལས་ ག་ནི་བ་ཡང་ གལ་གནད་ཆེ་བའི་ མངའ་སྡེ་སྦེ་ བརྩི་དོ་ཡོདཔ་ཨིན་པས།
ཨི་ལི་ནོའི་གི་སྤྱི་འཛིན་ ཇེ་བི་པི་རིཛ་ཀར་གྱིས་ སྡེ་ཚན་དེ་དང་གཅིག་ཁར་ སྤྱི་ཟླ་ ༧ པའི་ཚེས་ ༢༩ ལུ་ ཆུ་ཚོད་ ༢ ཀྱི་རིང་ལུ་ ཕྱད་པའི་ཁར་ སྤྱི་ཟླ་ ༧ པའི་ཚེས་ ༣༠ ལུ་ཡང་ སྲིད་བྱུས་ཀྱི་སྐོར་ལས་ དྲི་བ་དྲིས་ལན་གྱིས་གཙོས་པའི་ གནད་དོན་ཚུ་དང་འབྲེལ་ཏེ་ ཀ་མ་ལ་ ཧ་རིཛ་ལུ་ རྒྱབ་སྐྱོར་འབད་མི་ སྡེ་ཚན་དང་གཅིག་ཁར་ཡང་ ཕྱད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: