ཝེ་ནེ་ཟུ་ལའི་ རྒྱལ་ཁབ་ནང་ སྲིད་འཛིན་བཙག་འཐུ་དང་འབྲེལ་བའི་ཉོག་འཛིང་།

བི་བི་སི།
སྤྱི་ཟླ་ ༧ པའི་ཚེས་ ༢༨ ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ ཝེ་ནེ་ཟུ་ལའི་ རྒྱལ་ཁབ་ནང་ སྲིད་འཛིན་བཙག་འཐུའི་ གྲུབ་འབྲས་དེ་ གསལ་བསྒྲགས་འབད་ཡོདཔ་ད་ དེ་ཡང་ ཧེ་མའི་སྲིད་འཛིན་ མ་ཌུ་རོ་གིས་ འཕྲོ་མཐུད་དེ་ར་ གནས་ཡུན་ ༣ གྱི་དོན་ལས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
ཨིན་རུང་ ལྡོག་ཕྱོགས་ཀྱི་ ཁ་ཐུག་ལས་ གློག་འཕྲུལ་ཚོགས་རྒྱན་འཕྲུལ་ཆའི་ འབྱོར་འཛིན་ཚུ་དང་འཁྲིལཝ་ད་ ལྡོག་ཕྱོགས་ཀྱིས་ ཚོགས་རྒྱན་ག་ནི་བ་ མཐོ་དྲགས་ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོདཔ་ལས་ གསལ་བསྒྲགས་དེ་ རྫུན་མ་བཟོ་ཡོད་པའི་ ཉོག་བཤད་བཀོད་ནུག།
ཝེ་ནེ་ཟུ་ལའི་ རྒྱལ་ཁབ་ཀྱི་ ཧེ་མའི་བཙག་འཐུ་སྐབས་ལུ་ སྲིད་འཛིན་མ་ཌུ་རོ་གིས་ ཁོང་གི་བཙག་འཐུའི་ནང་ ཕྱིའི་རྒྱལ་ཁབ་ཚུ་གིས་ སྲི་དཀྲུགས་འབད་ཡོད་པའི་ ཁ་ཉེས་བཀལ་ཡོདཔ་ཨིན་པས།
མ་གཞི་ ད་རེས་ཀྱི་ བཙག་འཐུའི་ནང་ ངན་ལྷད་ག་ནི་ཡང་མེད་རུང་ ལྡོག་ཕྱོགས་ཀྱི་ཁ་ཐུག་ལས་ ཕུང་དཀྲུགས་ཀྱིས་ ངོ་རྒོལ་འགྲེམ་སྟོན་ཚུ་ འགོ་འདྲེན་འཐབ་བཅུག་ཐོག་ལས་ སྲིད་འཛིན་ཕྱིར་དབྱུང་གི་དོན་ལུ་ རྒྱུད་བསྐུལ་འབད་ཡོད་པའི་ ཁ་ཉེས་བཀལ་ནུག།
གནད་དོན་དེ་གི་སྐོར་ལས་ ཡུ་ཨེཛ་གི་ རྒྱལ་ཁམས་དྲུང་ཆེན་ ཨེན་ཐོ་ནི་ བི་ལིང་ཀེན་གྱིས་འབད་བ་ཅིན་ ལྡོག་ཕྱོགས་ཀྱིས་ རྒྱལ་ཁ་ཐོབ་ཡོད་པའི་ སྒྲུབ་བྱེད་ཡ་མཚན་ཆེ་ཏོག་ཏོ་ཡོད་མི་དེ་ ཡུ་ཨེཛ་དང་ དེ་བ་ཡང་ལྷག་སྟེ་ ཝེ་ནེ་ཟུ་ལའི་ མི་སེར་ཚུ་གིས་ ཤེས་ཟེར་ཨིན་པས།
དེ་ལས་ གཞན་ཡང་ བ་ར་ཟིལ་དང་ མེག་སི་ཀོ་ ཀོ་ལོམ་བི་ཡ་ རྒྱལ་ཁབ་ཀྱི་ སྲིད་འཛིན་ཚུ་དང་ ཡུ་རོབ་རྒྱལ་ཁབ་ཚོགསཔ་དང་ སྡེན་ཚན་༸ ཟེར་མིའི་ ཁ་ཐུག་ལས་ཡང་ ཝེ་ནེ་ཟུ་ལ་གིས་ བཙག་འཐུའི་གྲུབ་འབྲས་ཚུ་ རྒྱས་ཤིང་རྒྱསཔ་སྦེ་ གསལ་སྟོན་འབད་དགོཔ་སྦེ་ སླབ་དོ་ཡོདཔ་ཨིན་རུང་ ཝེ་ནེ་ཟུ་ལའི་ མཐུན་འབྲེལ་རྒྱལ་ཁབ་ རྒྱ་ནག་དང་ ར་ཤི་ཡ་ ཨི་རཱན་ཚུ་གིས བཙག་འཐུའི་གྲུབ་འབྲས་དེ་ལུ་ ཆ་གནས་བཞག་ནུག།
ད་རེས་ནངས་པར་ ཝེ་ནེ་ཟུ་ལའི་ རྒྱལ་ཁབ་ནང་ མི་སེར་ཚུ་གིས་ ངོ་རྒོལ་འགྲེམ་སྟོན་འབད་དོ་ཡོདཔ་ལས་ མི་སེར་ལེ་ཤ་ཅིག་ འཛིན་བཟུང་འབད་ཡོདཔ་ད་ ལྡོག་ཕྱོགས་འགོ་ཁྲིདཔ་ མ་རི་ཡ་ ཀོ་རི་ན་ མ་ཅ་དོ་དེ་ གཡིབས་སྡོད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: