
རོའི་ཊརཛ།
ཡུ་ཨེཛ་གི་ ཌེ་མོ་ཀེར་ཊིག་ སྲིད་དོན་ཚོགས་པ་གིས་ གདམ་འཐུ་འབད་མི་ སྲིད་འཛིན་གྱི་འདེམས་ངོ་ ཨམ་ཀ་མ་ལ་ ཧར་རིཛ་གིས་ མི་ནེ་སོ་ཏ་ མངའ་སྡེའི་སྤྱི་ཁྱབ་ ཊིམ་ཝཱལཛ་དེ་ སྲིད་འཛིན་འོག་མའི་ འདེམས་ངོ་སྦེ་ གདམ་འཐུ་འབད་བའི་ཤུལ་ལས་ སྤྱི་ཟླ་ ༨ པའི་ཚེས་ ༦ ལུ་ ཁོང་ ༢ ཀྱིས་ མཉམ་འབྲེལ་བསྐུལ་བསྒྲགས་དང་པ་ ཕི་ལེ་ཌེལ་ཕི་ཡ་ མངའ་སྡེའི་ནང་འབདཝ༌ད༌ རྒྱབ་སྐྱོར་འབད་མི་ མི༌གྲངས༌ ༡༠,༠༠༠ དེ་ཅིག་ སྤུངས་འཛོམས་འབད་ནུག།
ཊིམ་ཝཱལཛ་གིས་ འགོ་ཐོག་གསལ་བཤད་ནང་ ཁོ་གིས་ ལོ་ངོ་ ༢༤ གི་རིང་ལུ་ རྒྱལ་ཡོངས་དྲག་པོའི་སྲུང་སྐྱོབ་ནང་ ཕྱག་ཞུ་ཡོདཔ་ད་ དེ་གི་ཧེ་མར་ སློབ་གྲྭ་ཆེ་བ་ཅིག་གི་ སློབ་དཔོན་དང་ རྐང་རིལ་གྱི་ སློབ་སྟོན་པ་སྦེ་ ཕྱག་ཞུ་བའི་ཤུལ་ལུ་ ཡུ་ཨེཛ་གི་ སྤྱི་ཚོགས་འཐུས་མི་དང་ ད་རེས་ མི་ནེ་སོ་ཏ་ མངའ་སྡེའི་སྤྱི་ཁྱབ་སྦེ་ ཕྱག་ཞུ་དོ་ཟེར་ཨིན་པས།
དེ་ཡང་ སྲིད་འཛིན་ཇཱོ་བ་ཡེ་ཌེན་གྱིས་ ཤུལ་མའི་བཙག་འཐུའི་ནང་ དོ་འགྲན་མི་འབད་ནི་སྦེ་ རྒྱབ་བཤུད་རྐྱབ་པའི་ཤུལ་ལུ་ ཌེ་མོ་ཀེ་རི་ཊིག་ སྲིད་ཚོགས་ཀྱིས་ ཨམ་ཧར་རིཛ་དེ་ སྲིད་འཛིན་གྱི་ བཙག་འཐུའི་ནང་ དོ་འགྲན་འབད་མི་སྦེ་ གདམ་འཐུ་གྲུབ་ཡོདཔ་ད་ བར་སྐབས་ཀྱི་ བཙག་འཐུའི་བསྐུལ་བསྒྲགས་དང་འབྲེལ་ཏེ་ བསམ་འཆར་བསྡུ་ལེན་འབད་མི་གིས༌ རེ་པབ་ལི་ཀཱན་ སྲིད་ཚོགས་ཀྱི་འདེམས་ངོ་ ཊཱམ་དང་ཕྱདཔ་ད་ ཨམ་ཧར་རིཛ་ལུ་ རྒྱབ་སྐྱོར་འབད་མི་ ལེ་ཤ་གིས་ མང་པས་ཟེར་བཀོད་ནུག།
ཨམ་ཀ་མ་ལ་ ཧར་རིཛ་གིས་ ཊིམ་ཝཱལཛ་དེ་ སྲིད་འཛིན་འོག་མའི་ འདེམས་ངོ་སྦེ་ གདམ་འཐུ་འབད་བའི་ཤུལ་ལས་ ཁོང་གི་བསྐུལ་བསྒྲགས་ཀྱི་དོན་ལུ་ མ་དངུལ་ཌོ་ལར་ས་ཡ་ ༢༠ ལྷགཔ་ཅིག་ བསྡུ་ལེན་འབད་ཚུགས་ཡོདཔ་ད་ ཁོང་ ༢ མཉམ་འབྲེལ་ཐོག་ལས་ བསྐུལ་བསྒྲགས་འགོ་དང་པ་འབད་ས་ པེན་སིལ་ཝེ་ནི་ཡ་ མངའ་སྡེའི་ནང་ ཌེ་མོ་ཀེར་ཊིག་དང་ རེ་པབ་ལི་ཀཱན་ སྲིད་ཚོགས་ ༢ ཆ་ར་ལུ་ རྒྱབ་སྐྱོར་འབད་མི་ ཧ་ལམ་འདྲ་སུ་ཡོད་པའི་ མངའ་སྡེ་ཅིག་འབདཝ་ལས་ ག་ནི་བ་ཡང་ གལ་གནད་ཅན་གྱི་ མངའ་སྡེ་སྦེ་ བརྩི་འཇོག་འབདཝ་ཨིན་པས།
ཊིམ་ཝཱལཛ་དེ་ སྤྱི་ལོ་ ༢༠༠༦ ལུ་ ཡུ་ཨེཛ་གི་ ཚོགས་ཁང་ནང་ སྤྱི་ཚོགས་ཀྱི་ འཐུས་མི་སྦེ་ བཙག་འཐུ་གྲུབ་པའི་ཤུལ་ལས་ ལོ་ངོ་ ༡༢ ཀྱི་རིང་ལུ་ སྤྱི་ཚོགས་འཐུས་མི་སྦེ་ ཕྱག་ཞུ་ཡོདཔ་མ་ཚད་ སྤྱི་ལོ་ ༢༠༡༨ དང་ ༢༠༢༣ ལུ་ མི་ནེ་སོ་ཏ་མངའ་སྡེའི་ སྤྱི་ཁྱབ༌ཀྱི༌ གོ་གནས་ཁར་ཡང་ ལན་ཐེངས་ ༢ བཙག་འཐུ་གྲུབ་ནུག༌ཟེར༌ བཀོད༌འདུག༌པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1436026
Views Today :
Total views : 5000
Who's Online :