
བི་བི་སི།
རྒྱ་པཱན་གྱི་བློན་ཆེན་ ཕུ་མི་ཡོ་ ཀི་ཤི་ད་གིས་ ད་རེས་ཀྱི་ གཞུང་སྐྱོང་སྲིད་ཚོགས་ ལི་བཱ་རཱལ་ ཌེ་མོ་ཀེར་ཊིག་ སྲིད་ཚོགས་གཙོ་འཛིན་གྱིས་ ཤུལ་མའི་བཙག་འཐུ་ནང་ དོ་འགྲན་མི་མཛད་ཟེར་ཨིནམ་ད་ དེ་ཡང་ ཁོ་གིས་འབད་བ་ཅིན་ ལམ་སྣ་གསར་ཁྲིད་ཀྱི་དོན་ལས་ སྲིད་ཚོགས་ཀྱི་ གཙོ་འཛིན་ལས་ དགོངས་ཞུ་མཛད་ནི་ཨིན་ཟེར་གསུངས་ནུག།
དགུང་ལོ་ ༦༧ བཞེས་མི་ བློན་ཆེན་ཀི་ཤི་ད་གིས་ སྤྱི་ཟླ་ ༩ པའི་ནང་ ཁོ་གི་སྲིད་ཚོགས་ཀྱིས་ གཙོ་འཛིན་གསརཔ་ བཙག་འཐུ་གྲུབ་པའི་ཤུལ་ལུ་ བློན་ཆེན་གྱི་ གོ་གནས་ལས་ཡང་ དགོངས་ཞུ་མཛད་ནི་བཟུམ་ཅིག་ཡོདཔ་ཨིན་པས།
བློན་ཆེན་ཀི་ཤི་ད་དེ་ སྤྱི་ལོ་ ༢༠༢༡ ལུ་ བློན་ཆེན་གྱི་ གོ་གནས་ཁར་ བཙག་འཐུ་གྲུབ་པའི་ཤུལ་ལས་ ཁོ་རའི་སྲིད་ཚོགས་དང་ འབྲེལ་ཆགས་ཅན་གྱི་ ངན་ལྷད་དང་ རྒྱལ་ཁབ་ནང་ འཚོ་བའི་གནས་གོང་ཡར་སེང་ དེ་ལས་ ཡེན་གྱི་གནས་གོང་ མར་འབབ་འགྱོ་མི་ཚུ་དང་འབྲེལ་ཏེ་ རྒྱབ་སྐྱོར་གྱི་ ཚད་གཞི་དེ་ཡང་ ཉམས་ཡོདཔ་ལས་ འདས་པའི་ཟླཝ་ནང་ བློན་ཆེན་ཀི་ཤི་ད་ལུ་ ངོས་ལེན་ཡོད་མེད་ཀྱི་ ཚད་གཞི་དེ་ ལོ་ངོ་བཅུ་ཕྲག་ལྷགཔ་ཅིག་གི་ དུས་ཡུན་ནང་ འགོ་དང་པ་ ག་ནི་བ་ཡང་ དམའ་མཐའ་སྦེ་ བརྒྱ་ཆ་ ༡༥.༥ ལུ་ གནས་ཡོདཔ་ཨིན་པས།
ཁོ་གིས་ ཤུལ་མའི་བཙག་འཐུ་སྐབས་ལུ་ ཁོ་གི་སྲིད་ཚོགས་དེ་ལུ་ འགྱུར་བ་ཐོན་ཡོདཔ་སྦེ་ མི་མང་ལུ་ གསལ་སྟོན་འབད་ནི་དེ་ གལ་ཆེ་ཟེར་ཨིནམ་ད་ བཙག་འཐུ་དེ་ཡང་ དྭངས་གསལ་གྱི་སྒོ་ལས་ ལག་ལེན་འཐབ་ནི་གིས་མ་ཚད་པར་ བཙག་འཐུའི་རྩོད་འགྲན་ཚུ་ཡང་ མི་མང་ག་ར་གིས་ མཐོང་ནི་ཡོདཔ་འབད་ནི་དེ་ གལ་ཆེ་ཟེར་གསུངས་ནུག།
ཁོ་གི་སྲིད་ཚོགས་ལུ་ འགྱུར་བ་ཐོན་ཡོད་པའི་ རྟགས་མཚན་དང་པ་དེ་ ཁོ་ར་བཙག་འཐུའི་ནང་ལས་ ཕྱིར་འཐོན་མཛད་ནི་དེ་ཨིནམ་ད་ ལི་བ་རཱལ་ ཌེ་མོ་ཀེར་ཊིག་ སྲིད་ཚོགས་དེ་གིས་ སྤྱི་ལོ་ ༡༩༥༥ ལས་ཚུར་ འཕྲོ་རྐྱང་སྟེ་ར་ གནས་ཡུན་ལེ་ཤ་ཅིག་ གཞུང་སྐྱོང་གི་ དབང་ཆ་ཐོབ་ཡོདཔ་ད་ ད་རེས་ བློན་ཆེན་ཀི་ཤི་ད་གིས་ སྲིད་ཚོགས་ཀྱི་ གཙོ་འཛིན་ལས་ དགོངས་ཞུ་མཛད་ནི་ཨིན་པའི་ གསལ་བསྒྲགས་མཛད་པའི་སྐབས་ལུ་ སྲིད་ཚོགས་དེ་གི་ འགོ་ཁྲིདཔ་ཚུ་ ཧ་ལས་ཡོདཔ་ཨིན་པས།
ཁོ་རའི་སྲིད་ཚོགས་ནང་ལས་ ནང་འཁོད་སྡེ་ཚན་ཅིག་གིས་ བློན་ཆེན་གྱི་ ཕྱི་འབྲེལ་སྲིད་བྱུས་དང་ སྲུང་སྐྱོབ་སྲིད་བྱུས་ དེ་ལས་ ནང་འཁོད་སྲིད་དོན་ཚུ་ནང་ ཕྱག་ལཱ་ལེགས་ཤོམ་སྦེ་ གནང་སྟེ་ཡོདཔ་ལས་ ཁོ་གིས་ དགོངསམ་ཞུ་ནི་ཨིན་ཟེར་མི་དེ་ བློ་ཕམ་པའི་ གཞི་ཨིན་པས་ཟེར་བཤད་ནུག།
ན་ཧིང་ སྤྱི་ཟླ་ ༡༢ པའི་ནང་ མ་དངུལ་བསྡུ་བླངས་ཀྱི་ བྲེལ་ཟིང་ལུ་བརྟེན་ཏེ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ ༤ དགོངས་ཞུ་འབད་དགོཔ་ ཐོན་ཡོདཔ་ད་ བྲེལ་ཟིང་དེ་གི་སྐོར་ལས་ བློན་ཆེན་ཀི་ཤི་ད་གིས་ འཛིན་སྐྱོང་ལེགས་ཤོམ་སྦེ་ འཐབ་མ་ཚུགསཔ་སྦེ་ མི་མང་གིས་ ཁ་བཏང་ཞིནམ་ལས་ཚུར་ ཁོ་གི་མིང་གཏམ་ལུ་ ཐོ་ཕོག་ཡོདཔ་ཨིན་པས།
ལྡོག་ཕྱོགས་སྲིད་ཚོགས་ཀྱི་ སྤྱི་ཚོགས་འཐུས་མི་ ཇུན་ཨ་ཟུ་མི་གིས་ ད་ལས་ཕར་ སྲིད་དོན་གྱི་ གནས་སྟངས་ཡོངས་རྫོགས་ཀྱི་ སྒྲིག་གཞི་དེ་ སྲ་བརྟན་མེདཔ་ འགྱོ་ནི་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1436051
Views Today :
Total views : 5000
Who's Online :