
རོའི་ཊརཛ།
སྤྱི་ཟླ་ ༨ པའི་ཚེས་ ༡༥ ལུ་ ལྷོ་ཀོ་རི་ཡའི་སྲིད་འཛིན་ ཡུན་སུག་ཡཱོལ་གྱིས་ བྱང་ཀོ་རི་ཡ་དང་གཅིག་ཁར་ མ་འགྲིགས་པའི་ གནས་སྟངས་ཞི་ཐབས་ལུ་དང་ དཔལ་འབྱོར་མཉམ་འབྲེལ་ བསྐྱར་འཛུགས་ཀྱི་དོན་ལས་ གྲོས་བསྟུན་ལས་བྱེད་འདུས་ཚོགས་ཅིག་ གཞི་བཙུགས་འབད་ནི་གི་ གྲོས་འཆར་བཀོད་ཡོདཔ་ཨིན་པས།
དེ་ཡང་ སྲིད་འཛིན་ཡུན་གྱིས་ ལྷོ་ཀོ་རི་ཡའི་ རྒྱལ་ཡོངས་རང་དབང་གི་ཉིནམ་ ༧༩ པ་ བརྩི་སྲུང་སྐབས་ལུ་ གསུངས་དོ་བཟུམ་འབད་བ་ཅིན་ བྱང་ཀོ་རི་ཡའི་ ཁ་ཐུག་ལས་ རྡུལ་ཕྲན་ནུས་ཤུགས་ཀྱི་ གོ་མཚོན་མར་ཕབ་དང་འབྲེལ་ཏེ་ གོམ་ཚད་གཅིག་ མདུན་དུ་སྤོ་ཚུགས་པ་ཅིན་ བྱང་ཀོ་རི་ཡ་དང་གཅིག་ཁར་ སྲིད་དོན་དང་ དཔལ་འབྱོར་གྱི་ མཉམ་འབྲེལ་འགོ་བཙུགས་ནི་ལུ་ གྲ་འགྲིག་ཡོད་ཟེར་གསུངས་ནུག།
ལྷོ་ཀོ་རི་ཡའི་ ཁ་ཐུག་ལས་ འཕྲལ་ཁམས་ཅིག་ཁར་ བྱང་ཀོ་རི་ཡ་ལུ་ ས་རུད་དང་ ཆུ་རུད་ཀྱིས་ གནོད་སྐྱོན་བྱུང་མི་ཚུ་གི་དོན་ལས་ རྒུད་གསོའི་མཁོ་ཆས་ཚུ་ བྱིན་ནི་སྦེ་ བཤད་ཡོད་རུང་ བྱང་ཀོ་རི་ཡ་གིས་ ལེན་མ་བཏུབ་ཟེར་ཨིན་པས།
བྱང་ཀོ་རི་ཡ་གིས་ རྡུལ་ཕྲན་ནུས་ཤུགས་དང་ མི་ཛ་ཡེལ་ཚུ་གི་ ལྕོགས་གྲུབ་གོང་འཕེལ་གཏང་ནི་ལུ་ གང་མགྱོགས་སྦེ་ གཙོ་བོར་བཟུང་དོ་ཡོད་པའི་ཁ་ར་ ལྷོ་ཀོ་རི་ཡ་དེ་ བྱང་ཕྱད་ཅན་གྱི་ རྒྱལ་ཁབ་ཅིག་སྦེ་ བརྩི་འཇོག་ཐོག་ལས་ འབྲེལ་བ་བཀག་དམ་འབད་ཐབས་ཚུ་ ལག་ལེན་འཐབ་ལས་ གཅིག་སྒྲིལ་ཅན་གྱི་ མཐུན་ལམ་གྱི་ གོ་སྐབས་དེ་ རྒྱང་རིང་གི་ རེ་འདུན་བཟུམ་ཅིག་སྦེ་ མཐོང་དོ་ཡོདཔ་ཨིན་པས།.
དུས་ཅི་གི་ ལོ་འགོ་ཚེསཔ་ད་ བྱང་ཀོ་རི་ཡའི་དབུ་ཁྲིད་ ཀིམ་ཇོང་ཨཱན་གྱིས་ ལྷོ་ཀོ་རི་ཡ་དེ་ ཁོང་གི་བྱང་ཕྱད་གཙོ་བོ་ཨིནམ་ལས་ གཅིག་སྒྲིལ་གྱི་གོ་སྐབས་ རྩ་ལས་མེད་ཟེར་ གསུངས་ཡོད་རུང་ ལྷོ་ཀོ་རི་ཡའི་ སྲིད་འཛིན་ཡུན་གྱིས་ རྒྱལ་ཁབ་ ༢ ཀྱི་བར་ན་ ལས་བྱེད་སྡེ་ཚན་ཅིག་ གཞི་བཙུགས་ཐོག་ལས་ གྲོས་བསྟུན་དང་ མཉམ་འབྲེལ་ཚུ་ འཐབ་ཚུགས་པ་ཅིན་ རྒྱལ་ཁབ་ ༢ ཀྱི་ མཐུན་ལམ་ལུ་ གོང་འཕེལ་སྦོམ་སྦེ་ འཐོན་སྲིད་ཟེར་གསུངས་ནུག།
ལྷོ་ཀོ་རི་ཡའི་ ལྡོག་ཕྱོགས་ཚུ་གིས་འབད་བ་ཅིན་ སྲིད་འཛིན་ཡུན་དེ་ རྒྱ་པཱན་ལུ་ རྒྱབ་སྐྱོར་འབད་མི་ཅིག་སྦེ་ བརྩི་དོ་ཡོདཔ་ལས་ རྒྱ་པཱན་དང་གཅིག་ཁར་ སྲུང་སྐྱོབ་ཀྱི་ མཐུན་ལམ་བཟོ་ནི་ལུ་ ཐོ་ཕོགཔ་མ་ཚད་ ད་ཚུན་གྱི་རིང་ལུ་ རྒྱལ་ཡོངས་རང་དབང་གི་ཉིནམ་དེ་ཡང་ གཞུང་དང་ རང་དབང་སྡེ་ཚན་ཚུ་ མཉམ་འབྲེལ་ཐོག་ལས་ བརྩི་སྲུང་ཞུ་སྲོལ་ཡོད་རུང་ ད་རེས་ རང་དབང་སྡེ་ཚན་ཚུ་གིས་ རྒྱལ་ཡོངས་ཀྱི་ཉིནམ་དེ་ སོ་སོ་སྦེ་ བརྩི་སྲུང་ཞུ་ཡོདཔ་ལས་ དུས་སྟོན་དེ་ནང་ ལྡོག་ཕྱོགས་ཀྱི་ ཁྲིམས་བཟོའི་འཐུས་མི་ཚུ་གིས་ གྲལ་གཏོགས་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།



Users Today : 2858
Users Yesterday : 3875
This Month : 82413
This Year : 519406
Total Users : 1231222
Views Today : 5381
Total views : 3286095
Who's Online : 18