ཨི་རཱན་ལུ་ སྣུམ་འཁོར་སྐྱེལ་འདྲེན་བཱཛ་ཅིག་ལུ་ ཐུགརྐྱེན་བྱུང་མིའི་ནང་ པ་ཀིཛ་ཏཱན་གྱི་ གནས་སྐོརཔ་ ༢༨ ལུ་ཤི་རྐྱེན།

བི་བི་སི།
སྤྱི་ཟླ་ ༨ པའི་ཚེས་ ༢༠ གི་ནུབ་མོར་ ཨི་རཱན་ལུ་ སྣུམ་འཁོར་སྐྱེལ་འདྲེན་བཱཛ་ཅིག་ གང་རྐྱལ་སྦེ་ རྦོབ་རིལ་འགྱོ་མིའི་ནང་ པ་ཀིཛ་ཏཱན་གྱི་ གནས་སྐོརཔ་ ༢༨ ལུ་ ཤི་རྐྱེན་དང་ གཞན་མི་ ༢༣ ལུ་ རྨ་སྐྱོན་བྱུང་ཡོདཔ་ད་ དེ་སྦེ་ ཤི་རྐྱེན་བྱུང་མིའི་གྲས་ཁར་ ཨམ་སྲུ་ ༡༡ དང་ ཕོ་སྐྱེས་ ༡༧ ཡོདཔ་ཨིན་པས།
ཐུག་རྐྱེན་དེ་ཡང་ ཨི་རཱན་གྱི་མངའ་སྡེ་ ཡཱཛ་ཟེར་སར་ བྱུང་ཡོདཔ་ད་ ཁྲིམས་སྲུང་འགག་སྡེ་གིས་ འགོ་ཐོག་ཞིབ་དཔྱད་སྐབས་ལུ་ ཐུག་རྐྱེན་དེ་ སྣུམ་འཁོར་གྱི་ བཀག་འཕྲུལ་ལུ་ གནོད་སྐྱོན་བྱུང་ནི་དེ་གིས་ ཨི་རཱན་གྱི་ དེ་ཤིར་ཏཱཕ་ ཞིབ་དཔྱད་སྒོ་རའི་ གདོང་ཕྱོགས་ལུ་ལྷོདཔ་ད་ དེད་གཡོགཔ་གིས་ བཀག་འཛིན་འབད་མ་ཚུགས་པར་ འཁོར་ལམ་ལས་ རྦོབ་རིལ་ཏེ་ གང་རྐྱལ་སྦེ་ ཡར་སོང་ནུག་ཟེར་བཀོད་ནུག།
གནས་སྐོརཔ་དེ་ཚུ་ པ་ཀིཛ་ཏཱན་གྱི་ སིན་དུ་མངའ་སྡེ་ལས་ ཨི་རག་གི་ཁྲོམ་ཚོགས་ ཀར་བ་ལ་ལུ་ཡོད་མི་གནས་ནང་ ཨར་བཱིན་ཟེར་མི་ ཤི་ཡའི་དུས་དྲན་བརྩི་སྲུང་ནང་ གྲལ་གཏོགས་ཀྱི་དོན་ལས་ འགྲུལ་བསྐྱོད་འབད་ཡོདཔ་ད་ དེ་བསྒང་ སྐྱེལ་འདྲེན་བཱཛ་དེ་ནང་ འགྲུལ་པ་ ༥༣ དེ་ཅིག་ཡོདཔ་ཨིན་པས།
པ་ཀིཛ་ཏཱན་གྱི་སྲིད་འཛིན་ ཨ་སིཕ་ཟར་ད་རི་གིས་ ཁོང་གི་ཕྱི་འབྲེལ་ལྷན་ཁག་གི་ ཁ་ཐུག་ལས་ ཕུངམོ་དེ་ཚུ་ རྒྱལ་ཁབ་ནང་ ལོག་བསྐྱལ་ནི་དང་ རྨ་སྐྱོན་བྱུང་མི་ཚུ་ལུ་ གྲོགས་རམ་གྱི་ ལཱ་ཚུ་འབད་དོ་ཟེར་གསུངས་ནུག།
ཨི་རཱན་ལུ་ འཁོར་ལམ་གྱི་ ཉེན་སྲུང་ཚུ་ ལེགས་ཤོམ་མེད་པ་ལུ་བརྟེན་ཏེ་ འཛམ་གླིང་སྤྱི་ཚོགས་ཀྱི་ འཁོར་ལམ་ཉེན་སྲུང་མ་དངུལ་ཐོག་ལས་ འཁོར་ལམ་གྱི་གནས་ཚད་ ལེགས་སྒྱུར་གྱི་དོན་ལུ་ བལྟ་ཞིབ་ལས་འགུལ་ཅིག་ ལག་ལེན་འཐབ་པའི་བསྒང་ཡོདཔ་ཨིན་པས།
གནས་སྐོརཔ་དེ་ཚུ་ ཤི་ཡའི་དུས་དྲན་ ཨར་བཱིན་ཟེར་མི་དེ་ མུཛ་ལིམ་གྱི་སྟོན་པ་ མོ་ཧ་མཱཌ་གི་ཚ་བོ་ ཨི་མམ་ཧུ་སེན་ཟེར་མིའི་དོན་ལུ་ ཉིན་གྲངས་ ༤༠ གི་ མྱ་ངན་མཇུག་བསྡུ་བའི་ དུས་དྲན་བརྩི་སྲུང་ཞུ་སར་ སོང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: