པ་ཀིཛ་ཏཱན་གྱི་མངའ་སྡེ་ བ་ལོ་ཀིཛ་ཏཱན་ལུ་ དྲག་ཐོག་དབང་བཙོང་འབད་མི་ དམག་མི་ཚུ་གིས་གནོད་འཚུབ།

རོའི་ཊརཛ།
སྤྱི་ཟླ་ ༨ པའི་ཚེས་ ༢༦ ལུ་ པ་ཀིཛ་ཏཱན་གྱི་མངའ་སྡེ་ བ་ལོ་ཀིཛ་ཏཱན་ལུ་ དྲག་ཐོག་དབང་བཙོང་འབད་མི་ དམག་མི་ཚུ་གིས་ ཁྲིམས་སྲུང་འགག་སྡེའི་ དམག་སྒར་དང་ རེལ་ལིའི་ལམ་ དེ་ལས་ འཁོར་ལམ་དང་ སྲུང་སྐྱོབ་དམག་མི་ཚུ་ལུ་ གནོད་འཚུབ་བཀལ་ཏེ་ མི་གྲངས་ ༧༣ དེ་ཅིག་ དམར་བསད་འབད་ནུག།
དེ་ཡང་ དྲག་ཐོག་དབང་བཙོང་དམག་སྡེ་ བ་ལོག་ལི་བ་རེ་ཤཱན་ ཨར་མི་ཟེར་མི་གིས་ བཀལ་ཡོདཔ་སྦེ་ ཁ་བཟེད་ཡོདཔ་ད་ གནོད་འཚུབ་དེ་ ས་གནས་ཁག་མ་འདྲཝ་ ལེ་ཤ་ཅིག་ནང་ བཀལ་ཡོདཔ་མ་ཚད་ དེ་བཟུམ་མའི་ ངོ་རྒོལ་ཐོག་གི་ གནོད་འཚུབ་ཚུ་ཡང་ པ་ཀིཛ་ཏཱན་གྱི་ ལྷོ་ནུབ་མངའ་སྡེའི་ནང་ རྒྱ་ནག་གི་ འགོ་འདྲེན་ཐོག་ལུ་ གསེར་དང་ ཟངས་ཀྱི་ ས་གཏེར་གྱི་ ལཱ་འབད་དེ་ཡོད་མི་དེ་ མཇུག་བསྡུ་གཏང་ཐབས་ལུ་ཨིན་པས།
པ་ཀིཛ་ཏཱན་གྱི་ ནང་སྲིད་བློན་པོ་ མོ་སིན་ནག་ཝི་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ནང་ ཁྲིམས་མེད་རིང་ལུགས་ བཙུགས་ཐབས་ལུ་ དེ་བཟུམ་མའི་ གནོད་འཚུབ་ཚུ་ བཀལ་ནིའི་དོན་ལས་ སྔ་གོང་ལས་ར་ འཆར་གཞི་བརྩམས་ནུག་ཟེར་ཨིན་པས།
དེ་ལས་ པ་ཀིཛ་ཏཱན་ དམག་སྡེ་གིས་འབད་བ་ཅིན་ འཁོར་ལམ་གཙོ་བོ་བདའ་སྟེ་ འགྲོ་འགྲུལ་འབད་མི་ སྐྱེལ་འདྲེན་བཱཛ་དང་ ཊག་ཚུ་ལུ་དམིགས་ཏེ་ གནོད་འཚུབ་སྦོམ་སྦེ་ར་ བཀལ་མིའི་ནང་ དམག་མི་དང་ ཁྲིམས་སྲུང་འགག་པ་ ༡༤ དང་ དབང་བཙོང་སྡེ་ཚན་གྱི་ དམག་མི་ ༢༡ ལུ་ ཤི་རྐྱེན་བྱུང་པའི་ཁར་ ཞི་བའི་མི་སེར་ ༣༨ དང་ འཁོར་ལམ་བདའ་སྟེ་ མི་གྲངས་ ༢༣ དམར་བསད་འབད་བའི་ཤུལ་ལུ་ སྣུམ་འཁོར་ཚུ་ལུ་ཡང་ མེ་སྤར་ནུག།
དེ་བཟུམ་སྦེ་ བ་ལོ་ཀིཛ་ཏཱན་ལས་ ཁྱིམ་མཚེས་རྒྱལ་ཁབ་ ཨི་རཱན་དང་ པ་ཀིཛ་ཏཱན་གྱི་ ས་གནས་གཞན་ཚུ་ནང་འགྱོ་སའི་ རེལ་ལིའི་ཟམ་ཅིག་གུ་ རྫས་བམ་བསྐྱུར་ཡོདཔ་ལས་ རེ་ལིའི་འགྲུལ་བསྐྱོད་ཚུ་ཡང་ བཀག་ཆ་འབད་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: