མ་ལེ་ཤི་ཡའི་ བློན་ཆེན་བགྲེསཔ་ལུ་ རྒྱལ་བརྒྱུད་རིང་ལུགས་དང་འབྲེལ་བའི་ སྲི་དཀྲུགས་ཀྱི་ཉེས་འཛུགས།

ཨཱལ་ཇ་ཟི་ར།
སྤྱི་ཟླ་ ༨ པའི་ཚེས་ ༢༧ ལུ་ མ་ལེ་ཤི་ཡའི་ སྲིད་ཚོགས་མཉམ་བསྡོམས་ཀྱི་ ལྡོག་ཕྱོགས་འགོ་ཁྲིདཔ་ བློན་ཆེན་བགྲེསཔ་ མུ་ཧི་ཌིན་ ཡ་སིན་ལུ་ རྒྱལ་ཁབ་ཀྱི་ ཧེ་མའི་རྒྱལཔོ་མཆོག་ལུ་ བརྙས་བཅོས་ཀྱི་སྒོ་ལས་ སྲི་དཀྲུགས་འབད་ཡོད་པའི་ ཉེས་འཛུགས་བཀལ་ནུག།
བློན་ཆེན་བགྲེསཔ་ མུ་ཧི་ཌིན་གྱིས་ རྒྱལ་ཁབ་ཀྱི་ བྱང་ཤར་ཁྲོམ་ཚོགས་ གུ་ཨ་མུ་སང་ཟེར་མི་ ཁྲིམས་འདུན་ལུ་བཅར་ཏེ་ ཁོ་ལུ་ཉེས་པ་མེདཔ་སྦེ་ ཞུ་ཡོདཔ་ཨིན་པས།
ཉེས་འཛུགས་དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༡༤ ལུ་ རྒྱལ་ཁམས་ཀྱི་ བཙག་འཐུའི་དོན་ལས་ ཁོ་གི་མཉམ་བསྡོམས་སྲིད་ཚོགས་ པེ་རི་ཀ་ཏཱན་ རྒྱལ་ཡོངས་མཐུན་ཚོགས་ཀྱི་ཧོངས་ལས་ བསྐུལ་བསྒྲགས་སྐབས་ཀྱི་ གསལ་བཤད་ཅིག་དང་འབྲེལ་ཏེ་འབད་ཡོདཔ་ད་ གལ་སྲིད་ ཉེས་པ་ཡོདཔ་སྦེ་ འཐོན་སོང་པ་ཅིན་ ཁོ་ལུ་ བཙོན་ཁྲིམས་ལོ་ངོ་ ༣ དེ་ཅིག་ ཕོག་ནི་ཨིན་པས།
དེ་ཡང་ སྤྱི་ལོ་ ༢༠༢༢ ལུ་ བཙག་འཐུ་མཇུག་བསྡུ་བའི་ཤུལ་ལུ་ དེ་བསྒང་གི་རྒྱལཔོ་ སུལ་ཏཱན་ཨབ་དུ་ལ་ སུལ་ཏཱན་ཨ་ཧ་མེད་ཤཱ་གིས་ མ་ཧི་ཌིན་ཡ་སིན་དེ་ བློན་ཆེན་གྱི་ གོ་གནས་དོན་ལས་ ག་ཅི་སྦེ་ མ་འབོཔ་ཨིན་ན་ཟེར་བའི་ དྲི་བ་བཀོད་ཡོདཔ་ད་ དེ་བསྒང་ ཁོ་ར་སྲིད་དོན་གྱི་ འགོ་ཁྲིདཔ་ཅིག་ཨིན་པའི་ཁར་ ཁྲིམས་བཟོའི་ཁ་ཐུག་ལས་ཡང་ ཁོ་གིས་ གཞུང་བཙུགས་ནི་ལུ་ དགོས་དོན་ཡོད་པའི་ རྒྱབ་སྐྱོར་ཚུ་ཡོདཔ་མ་ཚད་ རྒྱལཔོ་གིས་ ཨཱན་ཝར་ཨི་བར་ཧིམ་ལུ་ བློན་ཆེན་འབད་དགོ་པའི་ བཀའ་རྒྱ་གནང་ནུག།
མ་ལེ་ཤི་ཡ་ལུ་ རྒྱལཔོ་བསྐོ་བཞག་གི་སྲོལ་ ག་དང་ཡང་མ་འདྲཝ་ཅིག་ཡོདཔ་ད་ དེ་ཡང་ རྒྱལ་ཁབ་ནང་གི་ མངའ་སྡེ་ ༩ གི་ནང་ལས་ སུལ་ཏཱན་ཚུ་གིས་ ལོ་ངོ་ ༥ རེའི་རིང་ལུ་ རྒྱལཔོ་མཛདཔ་ཨིན་པས།
ཨིན་རུང་ རྒྱལཔོ་བགྲེསཔ་ སུལ་ཏཱན་ཨབ་དུ་ལའི་ ཁ་ཐུག་ལས་ ག་ནི་ཡང་ མ་གསུངས་རུང་ ཁོ་གི་བུ་གིས་ བློན་ཆེན་བགྲེསཔ་ མུ་ཧི་དིན་ལུ་ ཁོ་གིས་བཤད་མི་ཚིག་ཚུ་ ཉེན་ཁ་ཅན་ཨིནམ་མ་ཚད་ མི་སེར་ཚུ་ ཁ་འཕྱལ་གཏང་སྲིད་ནི་ཨིནམ་ལས་ དེ་གི་རྒྱབ་འགལ་ལུ་ ཚོགས་གཏམ་ཅིག་ སྤེལ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: