
རོའི་ཊརཛ།
ཨཱཛ་ཊེ་ལི་ཡ་གཞུང་གིས་ ད་ལས་ཕར་ རྒྱལ་སྤྱིའི་སློབ་ཕྲུག་གསརཔ་ ༢༧༠,༠༠༠ ལས་ མི་ལེན་ནི་སྦེ་ཨིནམ་ད་ དེ་ཡང་ ཕྱི་མི་ནང་བསྐྱོད་ལུ་བརྟེན་ཏེ་ རྒྱལ་ཁབ་དེ་ནང་ ཁང་གླ་ཚུ་ ཡར་སེང་འགྱོ་ནི་དེ་གིས་ཨིན་པས།
ཨཱཛ་ཊེ་ལི་ཡའི་ ཤེས་རིག་བློན་པོ་ ཇེ་སཱོན་ཀེ་ལེ་ཡར་གྱིས་ ནད་ཡམས་ཀོ་ཝིཌ་ མ་ཐོན་པའི་ ཧེ་མ་དང་ཕྱདཔ་ད་ ད་རེས་ གཙུག་ལག་སློབ་སྡེ་ཚུ་ནང་ རྒྱལ་སྤྱིའི་སློབ་ཕྲུག་བརྒྱ་ཆ་ ༡༠ དེ་ཅིག་དང་ གཡོག་འབྲེལ་སློབ་སྦྱོང་དང་ སྦྱོང་བརྡར་ཚུ་གི་ནང་ བརྒྱ་ཆ་ ༥༠ ལྷགཔ་ཅིག་ ཡར་སེང་སོང་ཡོདཔ་སྦེ་བཤད་ནུག།
དེ་འབདཝ་ལས་ གཙུག་ལག་སློབ་སྡེ་ཚུ་ནང་ རྒྱལ་སྤྱིའི་སློབ་ཕྲུག་གསར་པའི་ ཚད་གཞི་དེ་ ༡༤༥,༠༠༠ སྦེ་ བཞག་ནི་དང་ རིག་རྩལ་དང་ སྦྱོང་བརྡར་ཚུ་ལུ་ གཞི་བརྟེན་འབད་མི་ སློབ་ཕྲུག་གི་ ཚད་གཞི་དེ་ ༩༥,༠༠༠ སྦེ་ བཞག་ནི་་ཨིན་པས།
ཨཱཛ་ཊེ་ལི་ཡའི་ གཙུག་ལག་སློབ་སྡེ་ཚུ་གིས་འབད་བ་ཅིན་ གཞུང་གི་ཁ་ཐུག་ལས་ ཕྱི་མི་ནང་བསྐྱོད་ཀྱི་ ཚད་གཞི་བཟོ་མི་ལུ་ ངོས་ལེན་ཡོད་རུང་ ཤེས་རིག་ལས་སྡེ་ལུ་ བཀག་རྐྱབ་པའི་ནང་ལས་ཡང་ དམིགས་བསལ་གྱིས་ དཔལ་འབྱོར་ལུ་ གལ་གནད་ཆེ་བའི་ ཤེས་རིག་ལས་སྡེ་དེ་ བློས་གཏང་ནི་མི་འོང་ཟེར་ཨིན་པས།
ཨཱཛ་ཊེ་ལི་ཡ་གིས་ རྩིས་ལོ་ ༢༠༢༢-༢༠༢༣ ལུ་ རྒྱལ་སྤྱིའི་ཤེས་ཡོན་ཕྱིར་སྤེལ་ལས་ ཌོ་ལར་ཐེར་འབུམ་ ༣༦.༤ འོང་འབབ་བཟོ་མི་དེ་ ལྕགས་དང་ ས་སྣུམ་ སོལ་མོ་ཚུ་གི་ ཕྱིར་ཚོང་གི་འོག་ལས་ར་ འོང་འབབ་མཐོ་ཤོས་བཟོ་ཡོདཔ་ཨིན་པས།
སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༩ པ་ཚུན་ལུ་ རྒྱལ་སྤྱིའི་སློབ་ཕྲུག་གི་ ཚད་གཞི་དེ་ ༥༤༨,༨༠༠ ལུ་ གནས་མི་དེ་ ཚད་གཞི་མཐོ་ཤོས་ཨིན་མི་དེ་ཡང་ ཧེ་མའི་ལོ་ཚུ་དང་ཕྱདཔ་ད་ བརྒྱ་ཆ་ ༦༠ དེ་ཅིག་ ཡར་སེང་སོང་ནུག།
དེ་བཟུམ་མའི་ ཕྱི་མི་ནང་བསྐྱོད་བཀག་ཐབས་ལུ་ འདས་པའི་ཟླཝ་ནང་ ཨཱཛ་ཊེ་ལི་ཡ་གཞུང་གིས་ རྒྱལ་སྤྱིའི་སློབ་ཕྲུག་ཚུ་གི་ འགྲུལ་བསྐྱོད་ཆོག་ཐམ་གྱི་ གླ་ཡོན་དེ་ ལོག་བལྟབ་ཀྱིས་ ཡར་སེང་འབད་ཡོདཔ་མ་ཚད་ རྒྱལ་ཁབ་ནང་ འཕྲོ་རྐྱང་སྟེ་ སྡོད་ནི་མེདཔ་ བཟོ་ཐབས་སྒྲིག་ནི་གི་ ཁས་བླངས་ཡང་འབད་ནུག་ཟེར་བཀོད་འདུག་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1407316
Views Today :
Total views : 5000
Who's Online :