
སྤྱི་ཟླ་ ༨ པའི་ཚེས་ ༢༨ ལུ་ མི་དབང་རྒྱལ་བཙུན་མཆོག་དང་ མི་དབང་རྒྱལ་སྲས་ ཨྱོན་དབང་ཕྱུག་མཆོག་གིས་ ཅེ་ལེ་ལ་ལུ་ བཞེངས་གནང་མི་ བྱང་ཆུབ་མཆོད་རྟེན་གྱི་ རབ་གནས་མཛད་སྒོའི་ནང་ དབུ་བཞུགས་མཛད་གནང་ནུག།
མཆོད་རྟེན་དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀའ་གནངམ་བཞིན་དུ་ མི་དབང་རྒྱལ་སྲས་ ཨྱོན་དབང་ཕྱུག་མཆོག་ སྐུ་འཁྲུངས་པའི་ དུས་སྟོན་བརྩི་སྲུང་གི་དོན་ལས་ བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ མཛད་བྱ་བཟང་པོ་ཅིག་སྦེ་ བཞེངས་ཡོདཔ་ཨིན་པས།
བྱང་ཆུབ་མཆོད་རྟེན་དེ་ འབྲུག་ནང་འཁོད་ཀྱི་ ས་ཁ་མཐོ་ཤོས་ཅིག་ནང་ བཞེངས་ཡོདཔ་ད་ ས་གནས་དེ་ཁ་ལས་ འབྲུག་གི་ས་ཕྱོགས་ཐདམ་ཐད་ཀར་ཡོད་པའི་ གནས་ཚུ་ཡང་ ཡ་མཚན་ཆེ་ཏོག་ཏོ་སྦེ་ མཇལ་ཚུགས་དོ་ཡོདཔ་ཨིན་པས།
ད་རེས་ མཆོད་རྟེན་དེ་ལུ་ རབ་གནས་གནང་མི་དེ་གིས་ གཏེར་བཏོན་འབྲུག་སྒྲ་རྡོ་རྗེ་གིས་ ལུང་བསྟན་གནང་མི་ཅིག་ བསྒྲུབས་ཡོདཔ་ད་ དེ་ཡང་ ས་གནས་དེ་ཁར་ མཆོད་རྟེན་ཅིག་ བཞེངས་ཚུགས་པ་ཅིན་ འབྲུག་གི་ཉེན་སྲུང་དང་ རྒྱལ་ཁབ་དང་ མི་སེར་ལུ་ ཕན་ཐོགས་རྒྱ་ཆེར་ འོང་ནི་ཨིན་པའི་ ལུང་བསྟན་གནང་ནུག།
མཆོད་རྟེན་དེ་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༢ པའི་ནང་ལས་ བཞེངས་ནི་གི་ ལཱ་འགོ་བཙུགས་ཏེ་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༨ པའི་ནང་ མཇུག་བསྡུ་ཡོདཔ་ད་ མཆོད་རྟེན་གྱི་ རབ་གནས་དེ་ཡང་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ གནང་ཡོདཔ་ཨིན་པས།
བྱང་ཆུབ་མཆོད་རྟེན་དེ་ འབྲུག་གི་རྩ་བ་གསུམ་ལུ་ གལ་གནད་ཆེ་བའི་ ཉེན་སྲུང་དང་ བྱིན་རླབས་ཀྱི་ འབྱུང་ཁུངས་ཅིག་ཨིནམ་མ་ཚད་ འབྲུག་གི་ཆོས་དོན་ལམ་སྲོལ་ནང་ དྲན་རྟེན་འགངས་ཅན་ཅིག་ཡང་ཨིན་པས།
མཆོད་རྟེན་རབ་གནས་ནང་ མི་དབང་རྒྱལ་ཡུམ་ ཚེ་རིང་གཡང་སྒྲོན་དབང་ཕྱུག་དང་ མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་ མི་དབང་རྒྱལ་སྲསམོ་ བདེ་ཆེན་གཡང་འཛོམས་དབང་ཕྱུག་ ཡུམ་བསོད་ནམས་ཆོས་སྐྱིད་ཚུ་གིས་ གྲལ་གཏོགས་མཛད་ཡོདཔ་མ་ཚད་ མཆོད་རྟེན་གསར་བཞེངས་ཚོགས་ཆུང་གི་ འཐུས་མི་ཚུ་དང་ བདེ་སྲུངཔ་ཚུ་གིས་ཡང་ གྲལ་གཏོགས་འབད་ཡོད་པའི་གནས་ཚུལ།






Users Today : 952
Users Yesterday : 6933
This Month : 65321
This Year : 294162
Total Users : 1005978
Views Today : 8203
Total views : 2924620
Who's Online : 11