རྒྱ་པཱན་གྱི་ ས་གནས་ཚུ་ནང་ རླུང་འཚུབ་ཤཱན་ཤཱན་ཟེར་མི་གིས་ གནོད་སྐྱོན་ཚབས་ཆེན།

རོའི་ཊརཛ།
རྒྱ་པཱན་གྱི་ ས་གནས་ལ་ལོ་ཅིག་ནང་ རླུང་འཚུབ་ཤཱན་ཤཱན་ཟེར་མི་ལུ་བརྟེན་ཏེ་ ཆརཔ་ཤུགས་སྦེ་ རྐྱབ་ནི་དེ་གིས་ ས་རུད་དང་ ཆུ་རུདའཐོན་ནི་གི་ ཉེན་ཁ་སྦོམ་ར་ཡོདཔ་ལས་ གནས་སྐབས་ཅིག་ འགྲོ་འགྲུལ་གྱི་ ཞབས་ཏོག་དང་ འཕྲུལ་ཁང་དེ་ཚུ་ སྒོ་བསྡམས་བཞག་ནུག།
ཀི་ཡུ་ཤུའི་ ཕུ་ཀུ་ཨོ་ཀ་ཁྲོམ་ཁར་ རླུང་འཚུབ་ཚབས་ཆེན་ལུ་བརྟེན་ཏེ་ མི་སེར་ཚུ་ རང་སོའི་ཁྱིམ་ནང་ སྡོད་ཡོདཔ་ལས་ འཁོར་ལམ་དང་ ཚོང་ཁང་ཚུ་སྟོངམ་སྦེ་ར་ ལུས་ཡོདཔ་ཨིན་པས།
ས་གནས་དེ་ཁའི་ གཙུག་ལག་སློབ་སྡེའི་ སློབ་ཕྲུག་ཀོ་ཀོ་རོ་ ཨོ་སོ་ག་ཝ་གིས་ མོ་ར་སློབ་གྲྭའི་ནང་ལས་ ཁྱིམ་ནང་ལོག་འགྱོ་ནི་ལུ་ རེལ་ལི་ཚུ་མེད་པའི་ དཀའ་ངལ་ཐོན་ཏེ་ ཚོང་ཁང་སྟོངམ་ཅིག་གི་སྒོ་ཁར་ བསྒུགས་སྡོད་ཡོདཔ་སྦེ་བཤད་ནུག།
རྒྱ་པཱན་རྐྱེན་ངན་འཛིན་སྐྱོང་ལས་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འཕྲལ་ཁམས་ཀྱི་ རླུང་འཚུབ་ལུ་བརྟེན་ཏེ་ མི་གྲངས་ ༣ ལུ་ ཤི་རྐྱེན་དང་ ༧༨ ལུ་ རྨ་སྐྱོན་བྱུང་ཡི་ཟེར་ཨིནམ་ད་ རླུང་འཚུབ་ཀྱི་ ཤུགས་ཚད་དེ་ཡང་ ཆུ་ཚོད་རེ་ལུ་ ཀི་ལོ་མི་ཊར་ ༡༨༠ དེ་རེ་ འཕུ་ཡོདཔ་ཨིན་པས།
ཀི་ཡུ་ཤུ་ གློག་མེ་ལས་སྡེ་གིས་ ཀི་ཡུ་ཤུ་མངའ་སྡེའི་ ས་གནས་ཁག་ ༧ གྱི་ནང་ སྡོད་ཁྱིམ་ ༡༢༥,༠༠༠ དེ་ཅིག་ལུ་ གློག་མེ་བཀྲམ་སྤེལ་ མེདཔ་ཐལ་ཡོདཔ་མ་ཚད་ ཀི་ཡུ་ཤུ་མངའ་སྡེ་གིས་གཙོས་པའི་ ཊོ་ཀི་ཡོ་དང་ ཡོ་ཀོ་ཧ་མའི་ མི་སེར་ས་ཡ་ ༤ ལྷགཔ་ཅིག་ཡང་ ས་གནས་གཞན་ཁར་ སྤོ་བཤུད་འབད་ནི་ལུ་ གྲ་འགྲིག་སྦེ་ སྡོད་དགོ་པའི་ ཉེན་བརྡ་ཚུ་ཡང་སྤེལ་ནུག།
སྤྱི་ཟླ་ ༨ པའི་ཚེས་ ༢༩ ཚུན་ལུ་ མི་གྲངས་ ༣༠,༠༠༠ དེ་ཅིག་ ཀི་ཡུ་ཤུ་ལས་ ས་གནས་གཞན་ཁར་ སྤོ་བཤུད་འབད་ཡོདཔ་ད་ གནམ་གཤིས་ལས་སྡེ་གིས་ བདུན་ཕྲག་མཇུག་བསྡུ་ཁམས་ལུ་ རླུང་འཚུབ་དེ་ ཀི་ཡུ་ཤུ་ལས་ ཊོ་ཀི་ཡོ་གིས་གཙོས་པའི་ རྒྱལ་ཁབ་ཀྱི་ དབུས་ཕྱོགས་ས་ཁོངས་ཚུ་ནང་ ཁྱབ་སྤེལ་འགྱོ་ནི་ཨིན་པའི་ ཉེན་བརྡ་ཚུ་ཡང་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: