
སྤྱི་ཟླ་ ༩ པའི་ཚེས་ ༢ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ བསམ་གྲུབ་ལྗོངས་མཁར་ པདྨ་ཐང་ རྒྱལ་སྲུང་སྦྱོང་བརྡར་སྤེལ་ཁང་ནང་ ཆིབས་བསྐྱོད་གནང་ཡོདཔ་ད་ དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༥ ལུ་ འགོ་འབྱེད་རྟེན་འབྲེལ་ བརྩི་ནི་ཨིན་མི་ རྒྱལ་སྲུང་ལས་རིམ་ཚུ་ གྲ་སྒྲིག་གི་དོན་ལས་ གཟིགས་ཞིབ་གནང་པར་བྱོན་ནུག།
རྒྱལ་ཁབ་ནང་ པདྨ་ཐང་བརྩིས་ཏེ་ རྒྱལ་སྲུང་སྦྱོང་བརྡར་སྤེལ་ཁང་ ༤ ཡོདཔ་ད་ གཞན་མི་སྤེལ་ཁང་ ༣ པོ་ དབང་འདུས་ཕོ་བྲང་ མཁོ་ཐང་ཁ་དང་ མོང་སྒར་རྒྱལ་པོའི་ཞིང་ དེ་ལས་ བསམ་རྩེ་རྒྱ་མཚོ་གླིང་ཚུ་ལུ་ཡོདཔ་ཨིན་པས།
པདྨ་ཐང་ལུ་ འདུ་འཛོམས་འབད་དེ་ཡོད་མི་ རྒྱལ་སྲུང་སྦྱོང་བརྡར་བ་ ན་གཞོན་སྡེ་ཚན་དང་པ་དེ་ གནས་སྐབས་ཀྱི་ སྡོད་ཁྱིམ་ཚུ་ནང་ བཞག་སྟེ་ཡོདཔ་ད་ ད་རེས་ བཟོ་བསྐྲུན་འབད་བའི་བསྒང་ཡོད་མི་ སྦྱོང་བརྡར་སྤེལ་ཁང་གི་ མཐུན་རྐྱེན་གཙོ་བོ་ཚུ་ ཤུལ་མའི་ལོ་ནང་ མཇུག་བསྡུ་ནི་ཨིན་པས།
མི་དབང་མངའ་ཞབས་མཆོག་གིས་ པདྨ་ཐང་ལུ་ རྒྱལ་སྲུངཔ་ཚུ་དང་ པདྨ་ཐང་གི་ ལས་རིམ་འཛིན་སྐྱོང་སྡེ་ཚན་དང་ མཇལ་ཕྲད་མཛད་གནང་ཡོདཔ་ད་ དེ་བསྒང་ མི་དབང་མཆོག་གིས་ རྒྱལ་སྲུངཔ་ཚུ་གི་ གཟུགས་ཁམས་དང་ སེམས་ཁམས་ཚུ་གི་ བདེ་ཉམས་དེ་ ག་ནི་བ་ གལ་ཆེ་བའི་ཁར་ སྦྱོང་བརྡར་གྱི་ དུས་ཡུན་ནང་ ན་གཞོན་ཚུ་ ལེགས་ཤོམ་སྦེ་ སྐྱོང་བཞག་འཐབ་སྟེ་ བདེ་ཉམས་དང་ དགའ་སྐྱིད་ཀྱི་ངང་ལུ་ བཞག་ནི་ཨིནམ་སྦེ་ གསུངས་གནང་ནུག།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་གི་རྒྱལ་ཡོངས་ཞབས་ཏོག་ རྒྱལ་སྲུང་ལས་རིམ་གྱི་སྐོར་ལས་ སྤྱི་ལོ་ ༢༠༡༩ ལོར་ རྒྱལ་ཡོངས་དུས་ཆེན་སྐབས་ལུ་ གསལ་བསྒྲགས་གནང་ཡོདཔ་ད་ དེ་ཡང་ རྒྱལ་ཁབ་ཀྱི་དོན་ལུ་ འབྲུག་གི་ན་གཞོན་ཚུ་ ལྕོགས་གྲུབ་ཅན་དང་ མཐར་འཁྱོལ་ཅན་གྱི་ མི་ཁུངས་སྦེ་ མ་འོངས་པའི་ མདུན་ལམ་ལེགས་ཤོམ་ཡོདཔ་ ངེས་གཏན་བཟོ་ཐབས་ལུ་དམིགས་པའི་ མི་དབང་མཆོག་གི་ འབྱུང་རབས་ཅན་གྱི་ ཐུགས་ཀྱི་དགོངས་གཏེར་ཅིག་ཨིན་པས།
མི་དབང་མངའ་ཞབས་མཆོག་ དགེ་ལེགས་ཕུག་ དཔལ་རི་ཐང་ལུ་ བདེ་སྲུངཔ་སྦྱོང་བརྡར་སྡེ་ཚན་ ༦༥ པ་དང་ གཞུང་གི་འགོ་དཔོན་ཚུ་དང་ མཇལ་ཕྲད་མཛད་གནང་པའི་ཤུལ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཆིབས་བསྐྱོད་གནང་ཡོདཔ་ད་ ད་རེས་ བདེ་བའི་ཐང་ལུ་ སྦྱོང་བརྡར་འབད་བའི་བསྒང་ཡོད་མི་ བདེ་སྲུངཔ་སྦྱོང་བརྡར་སྡེ་ཚན་ ༦༥ པའི་ བདེ་སྲུངཔ་ཚུ་དང་ཡང་ མཇལ་ཕྲད་མཛད་གནང་ཡོདཔ་ཨིན་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1395046
Views Today :
Total views : 5000
Who's Online :